ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་རི་སྐྱེས་ཤ་མོ་བཏུས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-21


        སྤྱི་ཟླ8པའི་ཚེས15ཉིན། ལི་ཐང་རྫོང་དགའ་བ་གྲོང་རྡལ་འཇའ་ཚོན་ཐང་ཆེན་གྱི་ཤ་མོ་ཚོང་ཁྲོམ་དུ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ནས་སླེལ་པོའི་ནང་བེ་ཤ་དང་གླ་ཤ་མོ་སོགས་ཤ་མོ་སྣ་ཚོགས་ཁྱེར་ནས་གྲོང་ཁྱེར་དུ་བྲིན་ཚོང་བྱེད་སར་འོང་བཞིན་པ་རེད།
        སྨྱུག་འཛིན་པས་བཅར་འདྲི་བྱེད་སྐབས། ཁ་གཉའ་གྲོང་སྡེའི་ཡུལ་མི་རྡོ་རྗེས་སེམས་འགུལ་ཐེབས་པའི་ངང་རི་སྐྱེས་ཤ་མོ་ཚོང་ཁྲོམ་དུ་འདོན་པ་ཉིན་ནས་བཟུང་། ང་རང་ཉིན་རྟག་པར་སྔ་ལངས་བྱས་ནས་རི་འགོར་རི་སྐྱེས་ཤ་མོ་འཐུ་སར་འགྲོ་བཞིན་ཡོད། ཕྱི་དྲོར་འཕྲུལ་རྟ་ལ་རི་སྐྱེ་ཤ་མོ་བཀལ་ནས་ཚོང་ཁྲོམ་དུ་བྲིན་ཚོང་བྱས་པ་ཡིན་པས། ཉིན་རེར་ཡོང་འབབ་སྒོར500ནས1000བར་རག་ཐུབ་པ་རེད་ཅེས་བཤད་པ་རེད། དེ་རིང་ཞོགས་པར་ང་རང་རི་འགོར་ཤ་མོ་འཐུ་སར་སོང་ནས་ཡོང་འབབ་སྒོར400ལྷག་རག་བྱུང་ཞེས་ལི་ཐང་རྫོང་དགའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་དུད་ཚང་དབུལ་ཕོངས་ཀྱི་ཡུལ་མི་བསོད་ནམས་ཆོས་སྒྲོན་གྱིས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད་པ་རེད།
        དགའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་དབྱངས་ཅན་གྱིས་སེམས་འགུལ་ཐེབས་པའི་ངང་ན་ནིང་ལོར་ང་ཚོའི་ཁྱིམ་ཚང་གིས་རི་སྐྱེས་ཤ་མོ་རྐྱང་པའི་ཡོང་འབབ་སྒོར9000ལྷག་རག་བྱུང་། ཆར་པ་འབབ་དུས་རི་སྐྱེས་ཤ་མོ་ཡག་པོ་སྐྱེ་བཞིན་ཡོད་པས་ང་རང་ཞིང་ལས་དལ་བའི་དུས་ཚོད་སྤྱད་ནས་རི་འགོར་ཤ་མོ་འཐུ་སར་འགྲོ་བ་ཡིན། འདི་ནའི་རི་སྐྱེས་ཤ་མོའི་རིགས་ཧ་ཅང་མང་བ་རེད། མིག་སྔར་ང་རང་ལ་ཡོང་འབབ་སྒོར2000ལྷག་ཡོད་པས་ནས་དང་ཞོག་ཁོག་མུའུ་འགའ་བཏབ་པ་ལས་ཡོང་འབབ་མཐོ་བ་རེད་ཅེས་བཤད།
        སྔོན་ཆད་ཚོང་ལམ་བྲིན་པོ་མིན་སྟབས་གྲོང་མི་ཚོ་རི་འགོར་ཤ་མོ་འཐུ་བའི་ཧུར་ཐག་རང་བཞིན་དེ་ཙམ་མཐོན་པོ་མིན་པ་དང་། འཐུ་རྒྱུ་ལོན་པའི་ཤ་མོ་ཕལ་ཆེར་རང་གིས་ཟ་བ་རེད། ཉེ་བའི་ལོ་ཤས་རིང་རི་སྐྱེས་ཤ་མོའི་ཚོང་ལམ་ཧ་ཅང་བྲིན་ནས་ཤ་མོ་ཡིན་ཚད་ཚང་མར་ཡོང་སྒོར་ཡག་པོ་ཡོད་པ་རེད། གྲོང་མི་ཚོའི་ཤ་མོ་འཐུ་བའི་ཧུར་བརྩོན་རང་བཞིན་ཡང་ཇེ་ཆེར་ཕྱིན་པ་རེད་ཅེས་ལི་ཐང་རྫོང་དགའ་བ་གྲོང་རྡལ་གྱི་དམངས་ཕྱུག་འབྲེལ་འདྲིས་པ་བཀྲ་ཤིས་ཆོས་འཕེལ་གྱིས་དེ་ལྟར་བཤད་པ་རེད།
        དགའ་བ་གྲོང་རྡལ་དུ་རི་སྐྱེས་ཤ་མོ་ཚོང་གཉེར་བྱས་ནས་ལོ་མང་ཡིན་པའི་གྲོང་མི་བཀྲ་ཤིས་ཚེ་རིང་ཉེ་ཆར་ཉིན་ལྟར་བྲེལ་བ་ཆེན་པོ་བྱེད་བཞིན་པ་རེད། ཁོས་ང་རང་གིས་རི་སྐྱེས་ཤ་མོ་ཉོ་སྒྲུབ་བྱས་ནས་ལོ་དྲུག་ཙམ་སོང་བ་རེད། དགའ་བའི་རི་སྐྱེས་ཤ་མོའི་རིགས་འདྲ་མིན་སྣ་ཚོགས་ཡོད་ཐོག་སྤུས་ཀ་ཧ་ཅང་ཡག་སྟབས། ཐེངས་རེར་རི་སྐྱེས་ཤ་མོ་གསར་པ་རྒྱ་མ1000ལྷག་ཉོ་སྒྲུབ་བྱ་རྒྱུ་ལོན་པ་རེད། ཤ་མོ་དེ་དག་གི་རིགས་བགོས་རྗེས་དུས་ཐོག་ཏུ་ཡུན་ནན་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་དུ་འཚོང་ནས་ལོ་རེར་ཡོང་འབབ་ཁེར་གཙང་སྒོར་ཁྲི6ནས་ཁྲི8ཙམ་རག་ཐུབ་པ་རེད།
        ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས་ནགས་ཚལ་དོ་དམ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་རིམ་བཞིན་བཟང་འགྱུར་བྱུང་བར་བརྟེན། རི་འགོའི་ཤིང་ནགས་ཁྲོད་ཀྱི་རི་སྐྱེས་ཤ་མོའི་སྣ་ཁ་དང་གྲངས་ཀའང་གཞི་ཁྱོན་ལྡན་པའི་སྒོས་འཕར་སྣོན་འགྲོ་བཞིན་ཡོད་པ་རེད། རང་བྱུང་ཁམས་ཀྱིས་ང་ཚོར་ལྷད་མེད་དྭངས་གཙང་གི་ལྗང་མདོག་སྐྱེ་ཁམས་སྟེར་ཡོད་པར་མ་ཟད། ད་དུང་བཟའ་བཅའ་དང་སྨན་རྫས་ཀྱི་རིན་ཐང་ཧ་ཅང་ཆེ་བས་རྒྱལ་ཁབ་ཕྱི་ནང་ལ་བྲིན་འཚོང་བྱེད་བཞིན་ཡོད་པ་རེད།
        རི་སྐྱེ་ཤ་མོ་སྐྱེ་འཕེལ་བྱུང་བ་དང་སྦྲགས། གྲོང་མི་ཚོ་གཅིག་རྗེས་གཉིས་མཐུད་དུ་རི་འགོར་ཕྱིན་ནས་ཤ་མོ་འཐུ་སར་འགྲོ་བཞིན་འདུག རི་སྐྱེས་ཤ་མོ་ནི་རི་འགོར་སྐྱེ་བའི་རང་བྱུང་གི་ལྷད་མེད་ཟས་རིགས་ཤིག་ཡིན་སྟབས་ཚོང་ལམ་ཧ་ཅང་བྲིན་པ་རེད། དེར་བརྟེན། མིག་སྔར་ཤ་མོ་ནི་ལི་ཐང་རྫོང་དགའ་བ་གྲོང་རྡལ་གྱི་མང་ཚོགས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཞིག་ཏུ་གྱུར་འདུག་ཅེས་ལི་ཐང་རྫོང་དགའ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་དེ་ལྟར་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1