གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།། གདོད་མའི་ཆོས་ལུགས་ཀྱི་བྱུང་བ་དང་རྣམ་པ།

        གདོད་མའི་ཆོས་ལུགས་ནི་ཤེས་རྨོངས་དུས་སྐབས་ཀྱི་དད་པ་ཞིག་སྟེ། བཅའ་བ་རིམ་གྲོ་སྒྲུབ་པའི་ཆོ་ག་གཙོ་བོར་བྱེད་པ་རེད། མིའི་རིགས་ན་ཚོད་ཕྲ་བའི་དུས་སྐབས་སུ། རང་བྱུང་ཁམས་དང་མི་རང་སྟེང་ལ་ངོས་ཟིན་གསལ་པོ་ཐོབ་མེད་ཅིང་། ས་གཡོ་བ་དང་མེ་རི་འཕྱུར་བ་དང་ཆུ་བྲུག་པ་དང་ཐན་པ་འབྱུང་བ་སོགས་རང་བྱུང་ཁམས་ཀྱི་འཇིགས་པ་སྣ་ཚོགས་བཟློག་ཏུ་མེད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་གནམ་གྱི་ཤེ་མོང་དག་ལ་སྐྱབས་བཅོལ་བ་རེད་ལ། དེ་དག་གིས་མིའི་སྐྱེ་རྒ་ན་འཆི་དང་རང་བྱུང་ཁམས་ཀྱི་འགྱུར་ལྡོག་སྣ་ཚོགས་ལ་ཁ་ལོ་སྒྱུར་གྱིན་ཡོད་པར་འདོད་དེ། དད་གུས་བླ་མེད་དང་བཀུར་གཟོ་ཚད་མེད་དང་མཆོད་སྦྱིན་ཚིམ་མེད་དུ་བྱས་ཏེ་མགོན་སྐྱོབ་དང་གཟིགས་སྐྱོང་འཐོབ་པར་རེ་བཞིན་ཡོད། གདོད་མའི་ཆོས་ལུགས་ཀྱི་ནང་དོན་གཙོ་བོར་རི་ཆུ་ཀླུང་གསུམ་སོགས་བཀུར་བ། བླ་བཀུར་བ། མེས་པོ་བཀུར་བ། མཚན་མ་བཀུར་བ་སོགས་མཆིས།
        དང་པོ་གདོད་མའི་ཆོས་ལུགས་ཀྱི་ཆེས་ཐོག་མའི་རྣམ་པ་ཞིག་སྟེ། དེ་ལ་ལྷ་དང་ཀླུ་དང་རི་དང་ཆུ་དང་མེ་དང་ཉི་མ་སོགས་བཀུར་བའི་ནང་དོན་དང་ལྡན་ནོ།། གདོད་མའི་དུས་སྐབས་སུ། ཉི་ཟླ་གཟའ་སྐར་གསུམ་དང་མིའི་རིགས་ཀྱི་འཚོ་བ་གཉིས་འབྲེལ་ཐག་གང་རུང་གིས་དམ་དུ་སྦྲེལ་བ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ། སྐར་ཁྱིམ་དེ་ལ་སྲོག་དབང་ཞུགས་ཡོད་པར་འདོད་ཅིང་དད་གུས་བླ་མེད་བྱེད་པ་རེད་ལ། ནམ་མཁའི་དབྱིངས་ནི་ལྷ་དང་མཐུ་བོ་ཆེ་དག་གི་བཞུགས་གནས་སུ་འདོད་ཅིང་། ཉི་འཛིན་ཟླ་འཛིན་དང་ཆར་རླུང་གཡོ་བ་དང་གློག་དམར་འཁྱུག་པ་སོགས་ནི་དེ་དག་གི་རྫུ་འཕྲུལ་ཉག་ཅིག་ཏུ་ངོས་བཟུང་འདུག དེ་བཞིན་དུ་ས་བདག་དང་ཆུ་བདག་དང་གནས་བདག་དང་མེ་ལྷ་སོགས་མཆོད་པའི་ཆོ་ག་ཕྱག་ལེན་སྣ་ཚོགས་ཀྱང་མཆིས་པ་རེད།
        བླ་བཀུར་བའམ་ཐོ་ཐེམ་ཞེས་པ་ནི་དབྱིན་ཏི་ཨན་པའི་ལུང་སྐད་ཅིག་སྟེ། ཁོའི་གཉེན་ཚན་ནམ་ཡང་ན་ཁོའི་གྲོགས་པོའི་དོན་རེད། སྐབས་དེའི་མི་རྣམས་ཀྱི་མྱོང་སྣང་ཁྲོད་དུ། ཁོ་ཚོའི་འཚོ་བ་ནི་རྩི་ཤིང་དང་སྲོག་ཆགས་རིགས་ཤིག་གིས་སྦྱར་བ་དང་། སྦྱར་མཁན་དེ་དག་ནི་རང་ཉིད་ཀྱི་གཉེན་ཚན་དུ་ལྟ་བ་རེད་ལ། རྩི་ཤིང་དང་སེམས་དེ་དག་རང་ཉིད་ཀྱི་མེས་པོར་ངོས་བཟུང་སྟེ་མི་རིགས་དེའི་མགོན་སྐྱབས་དང་སྲུང་མར་བཀུར་བར་མ་ཟད། མི་རིགས་དེའི་རྟགས་དང་མཚན་མར་འཛིན་པའང་ཡོད། ཐོ་ཐེམ་གྱི་དད་ལུགས་ལ་ཆོ་ག་དང་འཛེམ་བྱ་ངེས་ཅན་ཞིག་མཆིས་ཏེ། སྲོག་མི་གཅོད་པ་དང་ཤ་མི་ཟ་བ་དང་རེག་མི་ཉན་པ་སོགས་སོ། །རུས་རྒྱུད་ཚོ་བ་ཁ་ཐོར་ཡ་བྲལ་དུ་གྱུར་པ་དང་བསྟུན་ནས་ཐོ་ཐེམ་ཡང་སོ་སོར་གྱེས་འདུག་པ་དང་། ལ་ཤས་ཤིག་ཚོ་བ་སོ་སོའི་རུས་མིང་དུ་བཏགས་པའང་ཡོད། བླའམ་ཐོ་ཐེམ་བཀུར་བ་ནི་གདོད་མའི་དུས་སྐབས་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ཞིང་། བཀུར་ཡུལ་ཕལ་ཆེ་བ་སྲོག་ཆགས་ཀྱི་རིགས་སུ་གཏོགས་མོད། རྩི་ཤིང་རིགས་དང་གཞན་ཡང་རྡོ་དང་སྤྲིན་དང་ཆར་དང་གློག་དང་འབྲུག་སྒྲ་སོགས་ཀྱང་མཆིས་སོ། །
        དེ་མིན། མེས་པོ་བཀུར་བ་དང་མཚན་མ་བཀུར་བ་དང་ལྷ་འབེབས་པ་དང་རྫུ་འཕྲུལ་སྟོན་པ་དང་པྲ་འབེབས་པ་དང་མོ་རྩིས་ལུང་བསྟན་སོགས་རིགས་དང་རྣམ་པ་དུ་མ་ཡོད་པ་ལས་གོང་བརྗོད་དག་ནི་འདིར་དཔེར་མཚོན་ཙམ་དུ་བརྗོད་པ་ཤེས་པར་བྱའོ། །

《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1