གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༠༩ཉིན།

རང་ཁུལ་གྱི་ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་རྒན་རྒོན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།

རང་ཁུལ་གྱི་ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་རྒན་རྒོན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།

ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔ་བས་དར་སྤེལ་གཏོང་ཞིང་། རྒན་རྒོན་ལ་སྲི་ཞུ་དང་གཉེན་ཉེ་ལ་གཅེས་སེམས་འཆང་པའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་རྒྱུད་འཛིན་བྱེད་ཆེད། ད་ལོའི་སྤྱི་ཟླ་དགུ་པའི་ཚེས་དགུ་ཉིན་གྱི་རྒན་རྒོན་དུས་ཆེན་ཤར་བའི་སྐབས། རང་ཁུལ་གྱི་རྫོང་སོ་སོའི་སྡེ་ཚན་སོ་སོས་རྒན་རྒོན་ལ་གུས་ཤིང་བཀུར་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་ཞིག་སྤེལ་ཏེ་རྒྱ་ཆེ་བའི་ལས་འཁྱུར་ངལ་སྲོལ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པར་གཅེས་སེམས་ཟབ་མོ་བཅངས་ནས། ཁོ་ཚོར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སེམས་ཁུར་དང་གཟིགས་སྐྱོང་ཚོར་ཐུབ་པ་དང་། དགའ་སྤྲོ་དང་། འཆམ་མཐུན། དོན་སྙིང་ལྡན་པ་བཅས་ཀྱི་དུས་ཆེན་ཞིག་རོལ་དུ་བཅུག་པ་རེད།

སྤྱི་ཟླ9པའི་མཇུག་ནས་བཟུང་ཁུལ་ཨུའི་ལས་བྱེད་པ་རྒན་པའི་ཅུས་དང་། ཁུལ་ཁོངས་གཏོགས་ཀྱི་ལས་བྱེད་པའི་ངལ་གསོ་ཁང་དང་རྫོང་སོ་སོས་གཅིག་རྗེས་གཉིས་མཐུད་དེ་རྒན་རྒོན་དུས་ཆེན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས། ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པར་འཚམས་འདྲིའི་དངོས་རྫས་བསྐྱལ་ནས་མི་རྒན་ཚོའི་འཚོ་བ་དང་ཁམས་བདེའི་གནས་ཚུལ་འདྲི་རྟོགས་ཞིབ་ཕྲ་བྱས་པར་མ་ཟད། ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་རྟེན་འབྲེལ་གྱི་སྨོན་ཚིག་ཕུལ་ནས་བློ་མཐུན་རྒན་པ་དག་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་ཚོར་དུ་བཅུག་པ་རེད།

དར་མདོ་གྲོང་ཁྱེར་གྱིས་ད་དུང་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཟུར་གཅིག་གྲོང་སྡེ་དང་གངས་ཆུ་ཟམ་པའི་འདུས་སྡེ། ཁུལ་དངོས་མང་བཤམས་སྟོན་ཁང་སོགས་ལ་ཕྱིན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་གྲུབ་འབྲས་གསར་པ་ལ་ལྟ་བའི་བརྟག་ཞིབ་བྱེད་སྒོ་སྤེལ་ནས། དར་མདོ་གྲོང་ཁྱེར་གྱི་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་སྤེལ་གཏོང་བ་སོགས་ཀྱི་ལས་ཀའི་གྲུབ་འབྲས་དང་དཀར་མཛེས་ཁུལ་གྱི་རིག་གནས་འཕེལ་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་ལྟ་སྐོར་དང་རྒྱུས་ལོན་བྱས། སྡེ་དགེ་རྫོང་གིས་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བའི་འཁྲུངས་སྐར་ལ་ཡང་དུ་ཕ་ཡུལ་གྱི་འགྱུར་ལྡོག་ལྟ་ས་ཡོང་བའི་ལྟ་སྐོར་གྱི་བྱེད་སྒོ་སྤེལ་ནས། གེ་སར་གནམ་གྲུ་ཐང་དང་མ་ཎི་གད་འགོ་གྲོང་རྡལ། མ་ཎི་གད་འགོ་སློབ་འབྲིང་། ཁྲོ་ལའི་ཕུག་ལམ། རྡོ་མང་སྟེང་གྲོང་སྡེའི་འབྲོག་པའི་ཡུལ་སྲོལ་གོམས་འདྲིས་སོགས་ལ་ལྟ་སྐོར་བྱས། དཀར་མཛེས་རྫོང་གིས་དཀར་མཛེས་རྫོང་དུ་བཅའ་སྡོད་བྱས་པའི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གེ་སར་རྒྱལ་པོའི་མཁར་དུ་ཕྱིན་ནས་ཆེད་དོན་བརྟག་ཞིབ་བྱས་ཏེ་རྫོང་དེའི་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་སྤེལ་གཏོང་བའི་གྲུབ་འབྲས་གསར་པར་མྱོང་ཚོར་བྱས། བློ་མཐུན་རྒན་པ་ཚོས་འཛུགས་སྐྲུན་ལས་གཞིའི་འགྱུར་ལྡོག་གསར་པའི་སྐོར་གླེང་ནས་ཕ་ཡུལ་ལ་ཐོབ་པའི་གྲུབ་འབྲས་དང་འགྱུར་ལྡོག་རླབས་ཆེན་ལ་སྤོབས་པ་སྐྱེས་པ་རེད།

བློ་མཐུན་རྒན་པ་ཚོའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཚོར་དུ་བཅུག་ཆེད། རྒྱལ་སྟོན་དུས་ཆེན་དང་རྒན་རྒོན་དུས་ཆེན་ཀྱི་སྐབས་སུ། རྫོང་སོ་སོ་དང་ཁུལ་ཁོངས་གཏོགས་ཀྱི་ལས་བྱེད་པའི་ངལ་གསོ་ཁང་། ཁུལ་རིམ་པའི་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་བྱས་པའི་ལས་བྱེད་པའི་འབྲེལ་འདྲིས་ས་ཚུགས་ཀྱིས་རིག་གནས་བྱེད་སྒོ་སྣ་མང་སྤེལ་ནས་གཟིགས་མོ་བ་དག་གི་ཡིད་དབང་རབ་ཏུ་འཕྲོག་པ་རེད།

སྤྱི་ཟླ9པའི་ཚེས29ཉིན། ཁུལ་ཁོངས་གཏོགས་ཀྱི་ལས་བྱེད་པའི་ངལ་གསོ་ཁང་དུ་མི་མང་འཛོམས་ནས་སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་དབྱངས་ཀྱིས་ཁེངས་བཞིན་འདུག ཉིན་དེའི་སྔ་དྲོའི་ཆུ་ཚོད9པར་གླུ་གཞས་མཉམ་གཏོང་ཆེན་པོ《ང་དང་ངའི་མེས་རྒྱལ》ཞེས་པ་བླངས་ནས་རྒྱལ་སྟོན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་རྒན་རྒོན་དུས་ཆེན་ལ་བསུ་མ་བྱེད་པའི་རིག་རྩལ་འཁྲབ་སྟོན་གྱི་འགོ་བཙུགས་པ་རེད། 《གསར་བརྗེའི་གླུ་དབྱངས་མཉམ་ལེན》དང《ཁྱེད་ལ་ལ་གླུ་ཞིག་འབུལ》།《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ》སོགས་ངོ་མཚར་ཆེ་བའི་གསར་བརྗེའི་གླུ་དབྱངས་རེ་རེ་བཞིན་བླངས་པ་དང་། 《ཁམས་པའི་སྐོར་བྲོ》དང《དཀར་མཛེས་རྡོག་བྲོ། 》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་པར་མི་ཚང་མས་སེམས་འགུལ་ཐེབས་ནས་སྤྲོ་དགའི་ཐལ་མོ་རྡེབ་པ་དང་སྐད་གསང་མཐོན་པོས་དགའ་འབོད་བྱས་པ་རེད། བློ་མཐུན་རྒན་གྲས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་གདོང་ལ་ཡིད་ཆེས་ཀྱིས་འཛུམ་མདངས་འཕྱུར་ཏེ་འཁྲབ་སྟོན་བྱས། མི་མི་ཉུང་བ་ཞིག་གིས་ལག་ནང་གི་པར་ཆས་དང་ལག་ཐོག་ཁ་པར་བཀྱགས་ནས་མཛེས་ཤིང་སྡུག་ལ་བརྗེད་དཀའ་བའི་སྐད་ཅིག་མ་དེ་ཟིན་ཐོར་བཀོད་པ་དང་ཆབས་ཅིག ཁུལ་རིམ་པའི་ལས་ཁུངས་ཀྱི་ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་འབྲེལ་གཏུག་ས་ཚུགས་དང་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་ཁྲེང་ཏུའུ་རུ་གཉེར་བ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ180ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ཕུན་སུམ་ཚོགས་ལ་རྣམ་པ་འདྲ་མིན་ལྡན་པའི་རིག་རྩལ་ལེ་ཚན་དེ་དག་ལས་ཁོང་རྣམ་པའི་སྐྱིད་པའི་སེམས་ཁམས་དང་བདེ་བའི་འཚོ་བ་མཚོན་ཐུབ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱམས་སྐྱོང་འོག་ཚང་མའི་རྒྱལ་གཅེས་བརྩེ་སེམས་དང་དུས་རབས་གསར་པའི་མི་རིགས་ཁག་གི་མི་དམངས་ཀྱི་དགའ་སྤྲོ་དང་སྤོབས་སེམས་མངོན་པར་བྱས་ཡོད། པར་ལེན་བརྩམས་ཆོས་འགྲེམས་སྟོན་ལས་ཟུར་ཚད་མི་འདྲ་བ་དང་ཁ་ཕྱོགས་མི་འདྲ་བ་བཅས་ཀྱི་ཐོག་ནས་མ་ཡུམ་མེས་རྒྱལ་ལོ་བདུན་ཅུ་འཁོར་བའི་འཕོ་འགྱུར་མཚོན་ཡོད། རོང་བྲག་རྫོང་གི་བློ་མཐུན་རྒན་གྲས་ཚོས་རོང་བྲག་རྫོང་གི་ཐོག་མའི་སེམས་འདུན་མི་བརྗེད་ཅིང་། ནམ་ཡང་ཏང་དང་མཉམ་དུ་འགྲོགས་ཅེས་པའི་རིག་རྩལ་འཁྲབ་སྟོན་ཐོག་གསར་བརྗེའི་གླུ་གཞས་མཉམ་གཏོང་བྱས་པ་རེད།

སྡེ་རོང་དང་རྟའུ། གསེར་ཐར། སེར་ཤུལ། ཉག་རོང་། ལི་ཐང་། ལྕགས་ཟམ་སོགས་རྫོང་ཁག་གིས་ཀྱང་རྒན་རྒོན་དུས་ཆེན་ལ་རྣམ་པ་འདྲ་མིན་གྱི་བཞུགས་མོལ་དང་ཤེས་བྱའི་འཆད་ཁྲིད་སོགས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་རྒན་བཀུར་རྒན་གཅེས་དང་རྒན་རྒོན་ལ་སྲི་ཞུ་བྱེད་པའི་བསམ་བློ་དར་སྤེལ་བཏང་བ་རེད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1