གཙོ་ངོས།>> པར་སྐྲུན།>>ཁ་བཏགས་དཀར་པོ།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༠༩ཉིན།

ངལ་རྩོལ་པ་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་དང་འགལ་ཚེ་། གང་ཞིག་ཚད་གཞིར་བཟུང་ནས་ཁ་ཆད་དང་འགལ་བའི་དངུལ་ཆད་སྤྲོད་དགོས་།

ཡའེ་ཆེ་གེ་མོས་དྲ་ཚིགས་ལས་སྤྱི་གཉེར་ཁང་ག་གེ་མོ་ཞིག་གིས་སྤྱི་གཉེར་བ་གཅིག་སྡུད་བཞིན་ཡོད་པ་མཐོང་ནས་སྤྱི་སྟེགས་བརྒྱུད་དེ་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་བསྐུར། མ་འགྱངས་བར་སྤྱི་གཉེར་ཁང་དེས་ཁོ་རང་ཁ་རྒྱུགས་ལེན་དུ་ཡོང་དགོས་པའི་བརྡ་ཐོ་བཏང་། ཁོས་ཁ་རྒྱུགས་བདེ་བླག་ངང་འཕྲོད་པ་དང་སྤྱི་གཉེར་ཁང་དེའི་ལས་གནས་སུ་ཞུགས་རྗེས་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་མངགས་ནས་ཟླ་གཉིས་རིང་ལ་ལས་རིགས་དེའི་ཤེས་བྱ་གསར་ཤོས་སློབ་སྦྱོང་བྱ་དགོས་པར་མ་ཟད། ལོ་ལྔའི་རིང་གི་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་བཞག

གསོ་སྦྱོང་བྱེད་པའི་རིང་ལ་ཕྱི་རྒྱལ་གྱི་སྤྱི་གཉེར་ཁང་ག་གེ་མོ་དེས་ཡའེ་ཆེ་གེ་མོའི་ཡོན་ཏན་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། ཁོ་རང་སྤྱི་གཉེར་ཁང་དེའི་ནང་ཞུགས་རྒྱུའི་རེ་བ་བྱེད་བཞིན་ཡོད། ཕྱི་རྒྱལ་གྱི་སྤྱི་གཉེར་ཁང་དེའི་ཆ་རྐྱེན་བཟང་བས་ཁོའང་འཐད་པ་བྱུང་། དེ་བས་དང་ཐོག་ཁ་ཆད་བཞག་མྱོང་བའི་སྤྱི་གཉེར་ཁང་དེས་ཤེས་རྗེས་ཡའེ་ཆེ་གེ་མོ་ཁ་ཆད་དང་འགལ་བར་འདོད། འོ་ན། ཡའེ་ཆེ་གེ་མོ་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་དང་འགལ་ན། གང་ཞིག་ཚད་གཞི་རུ་བཟུང་སྟེ་ཁ་ཆད་དང་འགལ་བའི་དངུལ་ཆད་སྤྲོད་དགོས།

རང་རྒྱལ་གྱི《 ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》ཀྱི་དོན་ཚན་22པའི་གཏན་འབེབས་ལྟར་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་ཆེད་ལས་གསོ་སྦྱོང་གི་གྲོན་དངུལ་འདོན་སྤྲོད་བྱས་ཏེ། དེར་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་ན། ངལ་རྩོལ་པ་དེ་དང་གྲོས་མཐུན་བཞག་ནས་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་བཞག་ཆོག ཡིན་ནའང་ངལ་རྩོལ་པ་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་དང་འགལ་ཚེ། ཁ་ཆད་བཞག་པ་ལྟར་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལ་ཁ་ཆད་དང་འགལ་བའི་དངུལ་ཆད་སྤྲོད་དགོས། ཁ་ཆད་དང་འགལ་བའི་དངུལ་ཆད་ཀྱི་གྲངས་འབོར་ནི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་གསོ་སྦྱོང་བྱེད་དངུལ་གྱི་འདོན་སྤྲོད་བྱས་གྲངས་ལས་བརྒལ་མི་ཆོག

གྱོད་དོན་འདིའི་ཁྲོད་དུ་ཡའེ་ཆེ་གེ་མོས་སྤྱི་གཉེར་ཁང་དེའི་གསོ་སྦྱོང་འདོན་སྤྲོད་བྱེད་པའི་སྐབས་སུ་ཞབས་ཞུའི་དུས་ཡུན་གྱི་ཁ་ཆད་དང་འགལ་བས། གན་རྒྱའི་ཁ་ཆད་ལྟར་སྤྱི་གཉེར་ཁང་དེར་ཁ་ཆད་དང་འགལ་བའི་དངུལ་ཆད་སྤྲོད་དགོས་པ་དང་། ཁ་ཆད་དང་འགལ་བའི་དངུལ་ཆད་ཀྱི་གྲངས་ཀ་དེ་སྤྱི་གཉེར་ཁང་དེས་འདོན་སྤྲོད་བྱས་པའི་གསོ་སྦྱོང་གྲོན་དངུལ་ལས་བརྒལ་མི་ཆོག །

ངལ་རྩོལ་པར་ཁེ་དབང་དང་འོས་འགན་གང་དག་ཡོད།

《 ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》སུ་ངལ་རྩོལ་པར་ཁེ་དབང་དང་འོས་འགན་འདི་དག་གཏན་འབེབས་བྱས་ཡོད་དེ།

1. ངལ་རྩོལ་པའི་ཁེ་དབང་།

ངལ་རྩོལ་གྱི་ཐོབ་ཆ་ལེན་དབང་དང་ངལ་གསོའི་དབང་ཆ། ངལ་རྩོལ་སྲུང་སྐྱོང་བྱེད་དབང་། ལས་རིགས་གསོ་སྐྱོང་སྦྱོང་བརྡར་བྱེད་དབང་། སྤྱི་ཚོགས་ཀྱི་འགན་བཅོལ་དང་ཕན་བདེའི་ཐོབ་དབང་། ངལ་རྩོལ་གྱི་རྩོད་གཞི་ཐག་གཅོད་བྱེད་རོགས་ཞུ་དབང་བཅས་ཡོད།

2. ངལ་རྩོལ་པའི་འོས་འགན།

ངལ་རྩོལ་འོས་འགན་དང་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་འོས་འགན། བདེ་འཇགས་འཕྲོད་བསྟེན་སྤུང་གསོག་དང་ངལ་རྩོལ་སྒྲིག་ཁྲིམས་ལག་བསྟར་གྱི་འོས་འགན། ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱེད་པའི་འོས་འགན། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་གཞན་དག་སྟེ། དཔེར་ན་བཅའ་ཁྲིམས་ལྟར་ངལ་རྩོལ་གན་རྒྱ་འགྲེམ་སྤེལ་གྱི་འོས་འགན་དང་གསང་བའི་འོས་འགན། སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པའི་འོས་འགན། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་སྤྲོད་པའི་འོས་འགན་སོགས་ལྟ་བུའོ། །

《 ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》བཙུགས་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ངལ་རྩོལ་པའི་ཁེ་ཕན་དང་ཁེ་དབང་སྲུང་སྐྱོང་བྱས་པ་དང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་སྒེར་གཅོད་རང་བཞིན་ལ་ནུས་ལྡན་ངང་ཚོད་འཛིན་བྱས་ཡོད། འོ་ན། ལས་གནས་སུ་ཞུགས་པའི་མི་རྣམས་ལ་མཚོན་ན།《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》ཀྱི་ནང་དོན་ནི་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་ཡིན་ལ། 《 ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།》ཀྱི་ནང་དོན་དང་དོན་ཚན་ལ་རྒྱུས་ལོན་གང་ལེགས་བྱས་ན། ད་གཟོད་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་མི་ཐེབས་པར་བྱེད་ཐུབ། །

(ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།)  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1