༄༅།། དམངས་ཁྲོད་རིག་གནས་ལས་ཞབས་བྲོའི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



 

མི་ཉག་ཡུལ་གྱི་སྒུར་བྲོ།
        མི་ཉག་སྒུར་བྲོ་ཞེས་པ་ནི་མི་ཉག་ཡུལ་གྱི་ངལ་རྩོལ་མི་དམངས་ཀྱིས་ཐུན་མོང་གིས་གསར་གཏོད་དང་བརྒྱུད་སྤེལ་བྱས་པའི་གནའ་བྲོ་ཞིག་ཡིན་ལ། གནའ་ནས་ད་བར་དུ་དགའ་སྟོན་རྟེན་འབྲེལ་གྱི་དུས་དང་བུ་དང་བུ་མོ་མག་པ་དང་བག་མར་འགྲོ་བའི་སྐབས་སུ་འཁྲབ་པའི་གནའ་བྲོ་ཞིག་ཡིན་ཞིང་། མ་གཞི《ལ་དྭགས་རྒྱལ་རབས》སུ། བོད་གླུ་དང་བྲོ་གཉིས་ནི་བོད་ཀྱི་རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ཀྱི་རིང་ལ་བྱུང་བ་ཡིན་པར་བརྗོད་ཀྱང་། མི་ཉག་སྒུར་བྲོ་ནི་དེའི་སྐབས་སུ་བྱུང་བ་ཡིན་མིན་བརྗོད་དཀའ། དེའང་སྒུར་བྲོའི་མིང་བྱུང་ཚུལ་ནི་བྲོ་འཁྲབ་སྐབས་བྲོ་རའི་དཀྱིལ་དུ་བྲོ་རྟེན་ཞིག་བཞག་པའམ་ཡང་ན་ཁང་པའི་ཀ་བ་བྲོ་རྟེན་བྱས་ནས་བྲོ་རྟེན་དེ་ལ་བསྐོར་ཏེ་གླུ་གཏོང་བཞིན་ལུས་དང་མགོ་གུག་གུག་བྱས་ནས་འཁྲབ་པ་སྟེ། སྒུར་སྒུར་བྱས་ནས་གུས་འདུད་བསྙེན་བཀུར་གྱི་རྣམ་པ་སྟོན་པའི་ཁྱད་ཆོས་དེར་གཞིགས་ནས་སྒུར་བྲོ་ཞེས་མིང་དེ་བྱུང་བ་ནི་བོད་ཀྱི་བཟོ་སྐྲུན་མཁན་པོ་མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་གསུང་འདུག

མི་ཉག་ཡུལ་གྱི་འགྲོ་བྲོ།
        གནའ་སྲོལ་གྱི་གོམས་གཤིས་ལྟར་མི་ཉག་གི་བུ་དང་བུ་མོ་སོགས་བག་མ་དང་མག་པར་འགྲོ་བའི་སྐབས་སུ། དུད་ཚང་གི་ཀ་བའི་མདུན་དུ་ཅོག་ཙེ་གྲུ་བཞི་ཅན་གྱི་སྟེང་། ཆང་རག་དང་བུ་རམ་སོགས་བཤམས་ལ། གཟུགས་མཛེས་ལ་སྐད་སྙན་པའི་ཕོ་མོ་ཆ་གཉིས་རེས་ལུས་ལ་དར་གོས་ཀྱིས་བརྒྱན་ཏེ་ཞབས་བྲོ་འཁྲབ་སྲོལ་ཡོད་པ་རེད། འགྲོ་བྲོ་འཁྲབ་པའི་སྐབས་སུ་བྲོ་ཚིག་ནང་ཤིས་བརྗོད་ཀྱི་ཚིག་ཤ་སྟག་ཡིན་དགོས་པས་མི་ཚད། བྲོ་ཚིག་ལ་ལན་བསློག་པའི་སྐབས་སུའང་ཚིག་ཕུག་འདེད་མཁས་པོ་བྱེད་དགོས། དཔེར་ན། ས་ཨ་འགྲུབ་གནས་ཀྱི་ཕར་ནང་ལ། །རྟ་འདོ་བ་བརྒྱ་ཡིས་གདང་རེ་རྒྱག །རྟ་འདོ་བརྒྱ་ལ་རྟེའུ་ཆུང་གཅིག །འདི་རྟེའུ་ཆུང་མི་སྡོད་འགྲོ་མི་རེད། ། ཁྱོད་འགྲོ་མི་འགྲོ་ཐལ་མ་བསམ་རོགས། །སྒ་གསེར་སྒ་ཁྱོད་ལ་རྫོངས་བ་བྱིན། །བྲོ་ཚིག་འདི་ལྟ་བུ་ནི་འགྲོ་བྲོའི་མགོ་བརྗོད་ཡིན་པ་རེད་ཅེས་རྒན་རབས་ཚོའི་ངག་རྒྱུན་ལས་ཐོས་རྒྱུ་འདུག འགྲོ་བྲོའི་ལེ་ཚན་གཉིས་པའི་སྐབས་སུ་ཕྱིར་འགྲོ་བའི་ཕོ་མོ་གང་ཡིན་ཡང་རང་གིས་ཁྱིམ་གཞིས་བཙུགས་རྗེས་དྲིན་ཕ་མས་བསྐྱངས་པའི་དྲིན་ལན་དང་། རང་གི་ལྟེ་ཁྲག་ཐོག་མར་འཕོ་སའི་ཕ་ཡུལ་མ་བརྗེད་ཅེས་པའི་མཚོན་ཚུལ་ཤ་སྟག་ཡིན་དགོས། དཔེར་ན། དེ་རིང་འགྲོ་འགྲོ་ཤ་ཕྲུག་ང་རང་རེད། །སང་ཉིན་འགྲོ་འགྲོ་ལ་ཆེན་བརྒལ་ནས་འགྲོ། །ཉིན་རེ་སྐོར་རེ་རི་ལ་མ་འཁོར་ན། །རི་རྒྱལ་ལྷུན་པོའི་དྲིན་ལན་གཟོ་མི་ཐུབ། །དེ་རིང་འགྲོ་འགྲོ་ཐང་དཀར་ང་རང་རེད། །སང་ཉིན་འགྲོ་འགྲོ་ཆུ་ཆེན་བརྒལ་ནས་འགྲོ། །ཉིན་རེ་སྐོར་རེ་བྲག་ལ་མ་འཁོར་ན། །བྲག་དང་ཤུག་པར་དྲིན་ལན་གཟོ་མི་ཐུབ། །དེ་རིང་འགྲོ་འགྲོ་ཨ་ཟི་ང་རང་རེད། །སང་ཉིན་འགྲོ་འགྲོ་གྲོང་ཆེན་བརྒལ་ནས་འགྲོ། །ཉིན་རེ་སྐོར་རེ་གྲོང་ལ་མ་འཁོར་ན། །དྲིན་ཅན་ཕ་མ་དྲིན་ལན་གཟོ་མི་ཐུབ་ཅེས་པ་སོགས་ཤིས་པའི་རྟེན་འབྲེལ་མཚོན་པའི་བྲོ་ཚིག་མང་པོ་ཡོད།

ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས།
        ཀྲུང་གོའི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་དཀྲོལ་ཐབས་སྣ་ཚོགས་པ་ཡོད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་རོལ་ཆས་སྣ་ཚོགས་ཀྱིས་རྐྱང་དཀྲོལ་དང་མཉམ་དཀྲོལ་སོགས་ཡོད། རོལ་ཆས་སྣ་ཚོགས་ཚོ་སྒྲིག་བྱས་པ་དང་། རོལ་དབྱངས་ཀྱི་ལེ་ཚན་དང་དཀྲོལ་ཁྱད་མི་གཅིག་པའི་དབང་གིས་རོལ་ཆས་རོལ་དབྱངས་ལ་རིགས་དབྱེ་སྣ་མང་བྱུང་ཡོད།
        སྲོལ་རྒྱུན་གྱི་མི་རིགས་རོལ་ཆས་ཀྱི་རོལ་དབྱངས་དཀྲོལ་སྒོ་ནི་སྟོན་མོ་དང་རྟེན་འབྲེལ་ལ་སོགས་དམངས་སྲོལ་འཚོ་བ་དང་། ཆོས་ལུགས་ཀྱི་ཆོ་ག་སོགས་དང་འབྲེལ་ཡོད་པ་རེད། མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་ཉེར་མཁོའི་བྱེད་ལས་ལྡན་པས་རོལ་དབྱངས་ལ་ཉེར་མཁོའི་བྱེད་ལས་ལྡན་པས་རོལ་ངོས་ནས་འགྱུར་ལྡོག་འབྱུང་གི་ཡོད།
        མི་རིགས་རོལ་ཆས་ཀྱི་རོལ་དབྱངས་ལ་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན“རྐྱང་མ”དང“བསྡེབས་མ”རིགས་གཉིས་ཡོད། རྐྱང་མ་ནི་རང་རྐྱ་འཕེར་བའི་ཚན་པ་གཅིག་རྐྱང་ཅན་ཁྱབ་ཆེ་བ་དང་། བསྡེབས་མ་ནི་ཚན་པ་མང་པོའམ་རང་རྐྱ་འཕེར་བའི་དུམ་བུ་དུ་མ་བསྡེབས་ནས་གྲུབ་པ་རེད། རོལ་དབྱངས་ཀྱི་རྣམ་པའི་གྲུབ་ཚུལ་གྱི་སྒོ་ནས་དབྱེ་ན་གཙོ་བོར་འགྱུར་དཀྲོལ་གྱི་ལུས་དང་། རེས་འཁོར་གྱི་ལུས་དང་། བསྟུད་མའི་ལུས་དང་། ཕྱོགས་བསྡུས་ཀྱི་ལུས་བཅས་ཡོད་པ་དང་། དེ་དག་ལས་འགྱུར་དཀྲོལ་གྱི་ལུས་དང་བསྟུད་མའི་ལུས་ནི་ཁྱབ་ཆེ་ཤོས་ཡིན།
        རོལ་ཆས་བསྒྱུར་བཅོས་བྱེད་པའི་ཐད་དུ་དབྱངས་ཀྱི་ངེས་པ་གཅིག་གྱུར་བྱེད་པ་དང་། སྒྲ་རྒྱུ་ལེགས་སྒྱུར་བྱེད་པ། སྒྲ་ཚད་ཆེ་རུ་གཏོང་བ། གདངས་སྒྱུར་སླ་བ། གདངས་དམའ་ཁ་སྣོན་རྒྱག་པ་ལ་སོགས་ཀྱི་ཐད་དུ་འཕེལ་ཆ་ཆེན་པོ་བྱུང་ཡོད་པ་དང་། དེ་དང་ཕྱོགས་མཚུངས་མི་རིགས་ཀྱི་སྦུག་རྒྱུད་རོལ་མོ་ཚོགས་པ་ཆེ་གྲས་ཀྱིས་མཉམ་དཀྲོལ་བྱེད་པ་སོགས་རིགས་དབྱེ་གསར་པ་བྱུང་ཡོད་པས། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་གོང་འཕེལ་གསར་པ་བྱུང་ཡོད་པ་རེད།

ཀྲུང་གོའི་མི་རིགས་ཞབས་བྲོ།
        ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། དེ་ཡང་ལོ་རྒྱུས་སྲོལ་རྒྱུན་དང་། ས་ཁོངས་ཁོར་ཡུག འཚོ་བའི་སྐྱེལ་སྟངས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་མི་གཅིག་པའི་དབང་གིས་མི་རིགས་ཁག་གི་ཞབས་བྲོ་ལ་ཡང་རྣམ་པ་ཕུན་སུམ་ཚོགས་པོ་ལྡན་ཡོད་ལ། མི་རིགས་ཀྱི་ཁྱད་ཆོས་དང་ཡུལ་ཕྱོགས་ཀྱི་སྲོལ་ལུགས་གསལ་པོ་ལྡན་ཡོད་པ་རེད།
        ཀྲུང་གོའི་མི་རིགས་ཁག་གི་ཞབས་བྲོ་སྤྱི་ལ་ཀྲུང་གོའི་མི་རིགས་ཞབས་བྲོ་ཞེས་ཟེར། དེ་དག་ལས་རྒྱ་རིགས་ནི་མི་འབོར་མང་ལ་གནས་ཡུལ་རྒྱ་ཆེ་བ་ཡོད་པ་དང་། རྒྱ་རིགས་ཞབས་བྲོ་ལའང་ས་ཕྱོགས་མི་འདྲ་བའི་དབང་གིས་ཁྱད་པར་ཡོད་དེ། དཔེར་ན་བྱང་ཕྱོགས་ཀྱི་དབྱང་ཀོ་ཞབས་བྲོ་ལ་གནའ་སྲོལ་ལྡན་ཞིང་བརྗིད་བག་ཆེ་བ་དང་། ལྷོ་ཕྱོགས་ཀྱི་ཧྭ་ཏེང་ཞབས་བྲོ་ལ་ཞི་བག་དང་མཉེན་ཆ་ལྡན་ལ། ཧེའུ་ཧོ་ཆུ་བོའི་རྒྱུད་ཀྱི་ཧྭ་ཀུའུ་ཞབས་བྲོ་ནི་དྲག་ཞན་ཟུང་ལྡན་ཡིན་པ་ལྟ་བུ་རེད། ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་གི་ཞབས་བྲོ་ལ་ཡང་རང་རང་གི་ཁྱད་ཆོས་གསལ་པོ་ལྡན་ཡོད་པ་སྟེ། དཔེར་ན་བྱང་ཕྱོགས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཞབས་བྲོའི་ནང་དུ་སྤྱིར་བཏང་རྟ་ཐོག་གི་འཚོ་བའི་སྟངས་སྟབས་ལྡན་ཡོད་ལ། དེའི་འགྲོས་ཚིགས་རྒོད་ཅིང་དྲག་པ་དང་། ལྷོ་ཕྱོགས་ཀྱི་སོ་ནམ་པའི་ཞབས་བྲོ་ནི་སྟངས་སྟབས་མཉེན་ལ་འགྲོས་ཚིགས་དལ་བག་ཆེ་བ་ལྟ་བུ་ཡིན།
        མི་རིགས་ཞབས་བྲོ་ནི་ཆེད་ལས་ཞབས་བྲོའི་རྒྱུ་ཆ་གཙོ་བོ་ཡིན་པ་ལ། ཀྲུང་གོའི་མི་རིགས་ཞབས་བྲོའི་སྒྱུ་རྩལ་ཉམས་ལེན་གྱི་ཁྲོད་དུ་ཕུལ་དུ་བྱུང་བའི་ཞབས་བྲོའི་མཛད་ཆོས་དང་མི་རིགས་ཞབས་བྲོའི་འཁྲབ་སྟོན་མཁས་ཅན་འབོར་ཆེན་བྱུང་ཡོད། །

《ཡོངས་འཛིན་དྲ་བ》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1