གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༣༡ཉིན།

དེང་རབས་བོད་ཀྱི་ཡུལ་སྡེ།

    ཞོགས་པའི་ཆུ་ཚོད་7པར་ཉི་གཞོན་གྱི་འོད་ཟེར་གངས་རིའི་རྩེ་ནས་འཆར་བྱུང་།
    ཡུལ་འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་གི་བདེ་ཆུའི་གྲོག་རོང་རེད། སྨུག་པ་དང་མཚམས་སྤྲིན་གྱི་འོད་མདངས་ཁྲོད་དུ་བོད་ཁང་དཀར་པོ་དག་གསལ་ལྷང་ངེ་མངོན། ཕྱུགས་ཟོག་གིས་སྤང་ཐོག་ཏུ་རྩྭ་ཟ་བཞིན་པ་དང་། རྒྱང་ན་མཆོད་རྟེན་དཀར་པོ་ཞིག་མཐོང་། ལྷའི་ཞིང་ཁམས་ལྟ་བུའི་མཛེས་ལྗོངས་འདི་རུ་བོད་མི་ཚོས་ལྷིང་འཇགས་བག་ཕེབས་ཀྱི་ཉིན་གཅིག་གི་འཚོ་བའི་འགོ་བརྩམས་བྱུང་། 
    གསར་འགོད་པ་གྲོག་རོང་དུ་ཆགས་པའི་ཕྲེང་སྟོད་ཤང་ལ་འབྱོང་ཚེ་དགུང་ལོ་63ལ་སླེབས་པའི་ཨ་མྱེ་རྡོ་རྗེས་སྒོ་འགྲམ་གྱི་ཤིང་སྡོང་འོག་ཏུ་སྟར་ཁ་བཤུ་བཞིན་ཡོད་པར་ཐུག གསར་འགོད་པ་མཐོང་ནས། ཁོང་གིས་སྤྲོ་བའི་འཚམས་འདྲི་ཞུས་ཤིང་། ཕྱི་ཤུན་བཤུས་ཟིན་པའི་སྟར་ཁ་སྤར་གང་བསྲིངས་ནས། གསར་འགོད་པ་ཁྱིམ་ལ་གདན་འདྲེས་ཞུས། 

    སྒོ་ཆེན་ནས་འཛུལ་ན་སྒོ་ར་ཆུང་ཆུང་ཞིག་ཡོད། སྡོང་འགོར་ཀུ་ཤུ་དམར་པོས་ཁེངས། ཤིང་སྡོང་འོག་ཏུ་ཁྱིམ་བྱ་དག་གིས་ཟས་འཐུ་བཞིན་འདུག ཁང་པ་ནི་ཐོག་བརྩེགས་གསུམ་ལྡན་ཞིག་ཡིན་ཞིང་། ཐོག་བརྩེགས་རེའི་མཐོ་ཚད་ལ་སྨི་གསུམ་བཞི་རེ་ཡོད། “སྔོན་མར་ཐོག་བརྩེགས་དང་པོ་ནི་སྒོ་ཕྱུགས་འདོགས་ས་ཡིན་ཞིང་། ད་ལྟར་མི་དང་སྒོ་ཕྱུགས་ཁ་ཁ་ཕྱེས་ནས། ཞིང་ལས་ཡོ་ཆས་དང་ཅ་ལག་འདྲ་མིན་འཇོག་ས་རེད”ཅེས་ཨ་མྱེ་རྡོ་རྗེས་ངོ་སྤྲོད་བྱས། 


    ཐོག་བརྩེགས་གཉིས་པའི་སྐས་ཀྱི་ཁ་གཏད་དུ་ཡོད་པའི་ལག་འཁྲུ་སྟེགས་བུ་ནི་རྫ་དཀར་ལས་བཟོས་ཤིང་གཙང་མ་འོད་འཚེར་བ་ཞིག་ཕྱིས་ཡོད། རྒྱབ་ཏུ་གསང་སྤྱོད་རེད་འདུག ལག་པ་གཡོན་པའི་ཕྱོགས་ནི་ཐབ་ཚང་དང་ཟ་ཁང་ཡིན་ཞིང་། ཤིང་གི་ཅོག་ཙེ་དང་རྐུབ་སྟེགས་དག་ལ་བོད་ཀྱི་བཟོ་རྩལ་གྱི་ཁྱད་ཆོས་ལྡན། ཟ་ཁང་གི་གཞོགས་གཅིག་ལ་ཚོན་ལྡན་གྱི་བརྙན་འཕྲིན་ཞིག་བཞག་འདུག སློབ་འབྲིང་ལ་འགྲོ་བཞིན་པའི་ཚ་མོ་ཅོག་ཙེའི་ཐོག་ཏུ་སྦྱོང་ཚན་འབྲི་བཞིན་འདུག ལག་པ་གཡས་པའི་ཕྱོགས་སུ་མགྲོན་ཁང་རེད། དེ་ནས་ནང་ལ་སོང་ན་མཆོད་ཁང་རེད་འདུག 

    རི་ངོས་སུ། བློ་བཟང་བསྟན་པས་སྒོ་ཁར་རླངས་འཁོར་འཇོག་བཞིན་འདུག ཁོང་ཚང་གི་སྒོ་རའི་གྱང་ངོར་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོབ་དུད་ཁྱིམ་ཞེས་བྲིས་པའི་བྱང་བུ་ཞིག་སྦྱར་ཡོད་ཅིང་ཁང་པ་ལ་ཀ་བ་35འདུག འདི་ནི་དཔེ་མཚོན་རང་བཞིན་ལྡན་པའི་ཕྱག་ཕྲེང་གི་བོད་ཁང་དཀར་པོ་རེད། སྤྱིའི་བཟོ་ལྟ་ནི་སྐས་དབྱིབས་དང་མཚུངས་ཤིང་། གྱང་ངོས་སུ་རྩི་དཀར་པོ་བྱུགས་པ་དང་། སྒེའུ་ཁུང་གི་བརྐོས་རིས་ཞིབ་ཚགས་ཆེ་ལ་ཚོན་མདོག་རྣམ་པར་བཀྲ་བ་ཞིག་ཡིན།  


    “ང་ཚོས་སྲོལ་རྒྱུན་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད”ཅེས་བློ་བཟང་བསྟན་པས་བཤད། ཁོང་ནི་བོད་པ་དཀྱུས་མ་ཞིག་རེད་འདུག སྔོན་མར་ལག་རྩལ་དང་མ་དངུལ་མེད་པའི་རྐྱེན་གྱིས་ཡིག་ཚགས་དང་ཁཱ་བཟོས་དབུལ་ཁྱིམ་དུ་བདམས་པ་རེད། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཁོང་ལ་གསོ་སྤེལ་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཁོང་ལ་སྒོ་ར་བསྐྲུན་ཅིང་། ཐབ་ཚང་དང་གསང་སྤྱོད་བསྐྱར་བསྐྲུན་བྱས། ལོ་འགའི་རྗེས་སུ། ཁོང་ནི་རྒྱལ་ཁའི་ངང་དབུལ་སྒྲོལ་བྱུང་ནས། རླངས་འཁོར་ཡང་ཉོས་ཡོད་ལ། ད་ལྟར་རང་ཁྱིམ་དུ་མགྲོན་ཁང་ཞིག་བསྐྲུན་རྒྱུར་འཆར་འགོད་བྱེད་ཀྱིན་ཡོད།  


    ཁྱིམ་མཚེས་གྲོང་ཚོ་རུ། ལོ་50ལ་སླེབས་པའི་བློ་བཟང་འགྱུར་མེད་དང་གྲོང་ཚོའི་ནང་གི་རྒ་རྒས་ཚོས་མཆོད་རྟེན་སྐོར་བཞིན་འདུག་ཅིང་ཁོང་ཚོའི་གདོང་ལ་ཞི་ལྷོད་ཀྱི་འཛུམ་མདངས་རྒྱས།  
བློ་བཟང་འགྱུར་མེད་གཞོན་ནུའི་སྐབས་སུ་ཡུལ་ཕྱོགས་གང་སར་སོང་མྱོང་ཞིང་། ཁྲེན་ཏུའུ་རུ་རླངས་འཁོར་ཆེན་པོ་བསྐོར་རྒྱུ་སྦྱངས་མྱོང་བས། འགྲིམ་འགྲུལ་གྱི་འགྱུར་ལྡོག་ལ་ཚོར་སྣང་ཟབ་མོ་ཡོད། “སྔོན་ཆད་ཕྱག་ཕྲེང་ནས་ཁྲེན་ཏུའུ་བར་གཟའ་འཁོར་གཅིག་འགྲོ་དགོས་ཤིང་། ད་ལྟ་གཞུང་ལམ་བསྐྲུན་ཟིན་པས། གངས་རི་ལའང་ཕུག་ལམ་བཟོས། ཁངས་ཆེན་པོས་ལམ་འགོག་པར་སེམས་ཁུར་བྱེད་མི་དགོས། ཉེ་འགྲམ་དུ་ད་དུང་འདབ་པའི་གནམ་གྲུ་ཐང་བཟོས་པས། ཁྲེན་ཏུའུ་ལ་སྐར་མ་45འཕུར་ན་སླེབས་ཐུབ”ཟེར། 
     གོམ་སྟབས་ལྷོད་ལྷོད་ངང་བོད་སྡེ་སྐྱིད་པོ་དེར་མྱུལ་ཚེ། ཡུལ་དེ་གའི་ད་ལྟའི་རྣམ་པ་སྟེ། སྟབས་བདེ་བའི་འགྲིམ་འགྲུལ་དང་དྲ་རྒྱ་དང་། དཔལ་ཡོན་སྒོ་འབྱེད་ཀྱི་བསམ་བློ། སྲོལ་རྒྱུན་རྒྱུན་འཛིན་གྱི་གྲོང་སྡེ་སོགས་ནི་ཀུན་གྱི་མིག་ལམ་དུ་རེ་རེ་བཞིན་མངོན་བྱུང་། ཏང་གི་འགོ་ཁྲིད་འོག་བོད་རིགས་མང་ཚོགས་ཀྱིས་ཕ་ཡུལ་གྱི་འཛུགས་སྐྲུན་ལ་འབད་བཞིན་འདུག 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1