དཀར་མཛེས་ཁུལ་གྱི་གྲོང་ཚོ་96སི་ཁྲོན་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་བཞི་པའི་ནང་ཚུད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-13



     རི་དང་ཆུ་ཡིས་བསྐོར་བ་དང་། ཚོན་ཁྲ་ཅན་གྱི་ནགས་ཚལ་གྱིས་བརྒྱན་པ། གནའ་བོའི་གངས་ལྗོངས་ཀྱི་གྲོང་ཚོའི་ནང་འཁྱགས་པ་དང་མེ་ཡི་རྗེས་ཤུལ་བཞག་ཡོད་ལ་ས་མཐོའི་མིའི་ཕ་ཡུལ་གྱི་བརྩེ་སེམས་དང་དྲན་ཤེས་ཀྱང་མཚོན་གྱི་ཡོད། འདི་ག་ནི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེ་ཁག་བཞི་པའི་ནང་ཚུད་གྲབས་ཡོད་པའི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་འཁོར་ཡུལ་ཤང་སེར་ལུང་གྲོང་ཚོ་རེད། ཟླ་11ཚེས་6ཉིན་གྲོང་ཁྱེར(ཁུལ)ཁག་གིས་འོས་སྦྱོར་གོང་ཞུ་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་ཁག་བཞི་པའི་བརྟག་དཔྱད་འོས་སྦྱོར་དང་དཔྱད་འདེམས་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་177ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ཁག་བཞི་པའི་ནང་བཅུག་རྩིས་བྱེད་པ་རེད།
     དེའི་ནང་གོང་གསལ་གྱི་དར་མདོ་གྲོང་ཁྱེར་འཁོར་ཡུལ་ཤང་སེར་ལུང་གྲོང་ཚོ་ཕུད་དཀར་མཛེས་ཁུལ་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་དབོན་ཐོག་གྲོང་ཚོ་དང་། གསེར་རྟ་རྫོང་གོ་ལ་ཐང་ཤང་ཉ་ལོ་གྲོང་ཚོ། སྡེ་དགེ་རྫོང་འཁོར་ལོ་མདོ་ཤང་རྡོ་མང་སྟེང་གྲོང་ཚོ་སོགས་རྫོང(གྲོང་ཁྱེར)13གྱི་གྲོང་ཚོ་96མིང་ཐོའི་ནང་ཡོད་པ་དང་། དེ་ཉིན་ནས་བཟུང་དུས་ཡུན་ཉིན་7ཡིན་པའི་ཡོངས་བསྒྲགས་དུས་ཚོད་དུ་སླེབས་པ་རེད།
     གསར་འགོད་པས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དེ་གོང་དཀར་མཛེས་ཁུལ་ལ་གོང་གི་ཁག་ལྔའི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་བཅུག་པའི་གྲོང་ཚོ་71ཡོད་པ་དང་། གོང་གི་ཁག་གསུམ་གྱི་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་བཅུག་པའི་གྲོང་ཚོ་243ཡོད། དེས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་བསྡོམས་འབོར་གྱི་9.1%ཟིན་པ་དང་གྲངས་འབོར་ཞིང་ཆེན་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་སྔར་བས་ནུས་ལྡན་ངང་ཡག་པོ་བཏང་ནས། དྭངས་གཙང་དཀར་མཛེས་ཀྱི་རི་གྲོང་དང་གྲོང་ཚོར་མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་བརྩེ་སེམས་འཇགས་པར་བྱས་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཆེད། དཀར་མཛེས་ཁུལ་གྱིས“སྔོག་འདོན་གཏིང་ཟབ་དང་། སྔོན་ལ་སྲུང་སྐྱོང་། རྗེས་སུ་འཕེལ་རྒྱས”བཅས་ཀྱི་རྒྱུན་མཐུད་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་གྱི་གྲོང་ཚོར་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུར་གཞོལ་ནས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་དང་བེད་སྤྱོད་སྲོལ་ཡིག》སྒྲིག་བཟོ་བྱས་ཏེ་གནའ་བོའི་སྡོད་ཁང་གི་བདག་དབང་བརྗེ་ལེན་དང་བཀོད་སྒྲིག་ཁ་གསབ་སོགས་ཀྱི་ནང་དོན་གཏན་འབེབས་ཁ་གསལ་བྱས་པ་རེད། སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་ཡིག་ཚགས་71བཟོས་པ་དང་། སྲོལ་རྒྱུན་གྱི་གྲོང་སྡེའི་གནའ་བོའི་སྡོད་ཁང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྣམ་གྲངས་མཛོད་བཙུགས་པ། རྨང་གཞིའི་སྒྲིག་བཀོད་དང་། སྡོད་ཁང་ཉམས་གསོ། ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་སྲུང་སྐྱོང་སོགས་རྣམ་གྲངས་ཆེ་པོ་རིགས་5དོ་དམ་བྱས་པ་དང་། སྲོལ་རྒྱུན་གྲོང་སྡེའི་ཁ་གསབ་རོགས་དངུལ་སོགས་མ་དངུལ་སྒོར་ཁྲི་2106.92བརྩོན་ལེན་བཅས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1