གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

མཁས་སྟོད་སྐལ་བཟང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༥ཉིན།

༄༅།། རྒྱ་གར་གྱི་རིགས་རུས་མཆོག་དམན་དབྱེ་ཚུལ་རགས་ཙམ་གླེང་བ།


མཁས་སྟོད་སྐལ་བཟང་།
གཅིག རིགས་བཞིའི་བྱུང་ཚུལ།
        དེ་ཡང་ཆེས་སྔ་མོའི་དུས་ཤིག་ན་ཨཱ་རྱ་ཎ་སྟེ་རྗེ་བོའི་རིགས་ཁ་དོག་དཀར་པོ་ཅན་ཞིག་དང་། དཱ་སཿ་སྟེ་འཁོལ་པོའི་རིགས་ཁ་དོག་ནག་པོ་ཅན་གཉིས་ཁོ་ན་མཆིས་ཤིང་དེའི་ཕྱིར་རིགས་ཀྱི་སྐད་དོད་ལརྞ་ཞེས་བརྗོད་པ་ཡིན་ཅིང་། དེ་ཡང་ཁ་དོག་བྱ་བ་ཡིན་པས་རིགས་གཉིས་ཁ་དོག་གི་སྒོ་ནས་དབྱེ་བ་འབྱེད་པ་ཡིན། འོན་ཀྱང་ཕྱིས་སུ་རིགས་འདྲེས་པའི་རྟགས་སུ་ཁ་དོག་གིས་དབྱེ་བར་མི་ནུས་པར་རྒྱ་གར་ལྷོ་ན་བྲམ་ཟེ་སོལ་བ་ལྟར་ནག་པ་དང་། ཡུལ་འགའ་ཞིག་ན་དམངས་རིགས་རྒྱ་མིའི་གདོང་ཅན་དུ་དཀར་བ་ཡང་མཐོང་པ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་ཨཱ་རྱ་ཎའི་མི་རྣམས་ཀྱི་གནའ་བོའི་བརྡ་སྐད་རྣམས་རིམ་གྱིས་འགྱུར་ཏེ་བརྡ་རྙིང་དུ་གྱུར་བ་སོགས་ཀྱི་དབང་གིས་རིག་བྱེད་ཀྱི་ཚིགས་བཅད་རྣམས་མི་ཕལ་བས་འདོན་པའམ་གོ་དཀའ་བར་གྱུར་ཅིང། དུས་སྐབས་དེར་སྦྱིན་སྲེག་ཆོ་གའི་རིགས་མང་པོ་ཞིག་བྱུང་ནས་མཆོད་པའི་བྱ་བ་དེ་དག་ལ་འཇུག་པའི་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་སྐོར་ཞིག་བྱུང་ཞིང་། མི་ཕལ་བ་རྣམས་ཀྱིས་རང་ལ་ན་ཚ་འདྲ་བྱུང་ན་ཁོ་ཚོར་ཡོན་ཕུལ་ཏེ་རིག་བྱེད་འདོན་པ་སོགས་བྱེད་དུ་བཅུག་པས་རིམ་གྱིས་དད་ལྡན་མང་ཚོགས་རྣམས་ཀྱི་མཆོད་གནས་སུ་གྱུར་བ་མ་ཟད། བྲམ་ཟེ་ཞེས་པའི་གུས་ཚིག་གི་ཐ་སྙད་འདི་ཆགས་ཤིང་། ཁོ་ཚོའི་གོ་གནས་དུས་སྐབས་དེའི་སྤྱི་ཚོགས་སྟེང་ཆེས་མཐོ་བའི་གྲལ་རིམ་གྱི་ངོ་བོ་ཞིག་ཏུ་གྱུར་བ་ཡིན། ཨཱ་རྱ་ཎའི་མི་རྣམས་ཀྱིས་རྒྱུན་དུ་དགྲ་ལ་འཐབ་དགོས་ཤིང་། མི་སྐོར་ཅིག་གིས་ཆེད་དུ་དགྲ་འཐབ་སྦྱངས་ཏེ་ཡུལ་གྱི་སྲུང་སྐྱོང་དང་སྣེ་ཁྲིད་བྱས་པས་རིམ་གྱིས་ཁོ་ཚོའི་སྲིད་དབང་གོ་གནས་རྒྱ་ཆེར་སོང་བ་ལས་རྒྱལ་རིགས་བྱུང་། རིག་བྱེད་ཀྱི་མཆོད་པ་དེ་དག་གི་མི་ལྕོགས་པ་རྣམས་ཀྱིས་བཟོ་ལས་དང་ཞིང་ལས། ཚོང་ལས། ཕྱུགས་ལས་སོགས་གཙོ་བོ་དོན་དུ་གཉེར་བའི་མི་སྐོར་ཅིག་བྱུང་བ་ལས་རྗེའུ་རིགས་བྱུང་། དེ་ནས་ཤན་པ་དང་། མགར་བའི་ལས་སོགས་ལ་བརྟེན་ནས་ལྟོ་གོས་ཙམ་གྱི་དོན་དུ་གཉེར་བའི་དམངས་རིགས་བྱུང་།

གཉིས་པ། རིགས་མཐོ་དམན་བྱུང་བའི་རྐྱེན།
        དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་གསོ་རིག་སྨན་གྱི་ཁོག་དབུགས་ལས་བྲམ་ཟེ་ཁ་ལས་སྐྱེས་པ་དང་། །དེ་བཞིན་དཔུངས་པ་ལས་རྒྱལ་རིགས། །བརླ་ལས་རྗེ་རིགས་ཡང་དག་བྱུང་། ། རྐང་པ་ལས་ནི་དམངས་རིགས་སོ། །ཞེས་པ་སོགས་ཚངས་པའི་ལུས་ཀྱི་ཆ་སོ་སོ་ནས་རིགས་བཞི་བྱུང་བའི་རིག་བྱེད་ཀྱི་ཚིག་བསྒྲིགས་པ་དང་། དེ་ལས་སྔ་བའི་ཡིག་ཆའི་ཁུངས་ནི་ངེས་བརྗོད་རིག་བྱེད་ལས། རིགས་བཞི་རིམ་བཞིན་པུ་རུ་ཥའི་སྤྱི་བོ་དང་ཕྲག་པ། བརླ་དང་རྐང་པ་ལས་བྱུང་བར་བཤད་པ་རྣམས་གཞུང་ལུགས་ཀྱི་རྒྱབ་རྟེན་བཟོས་ནས་རིགས་ཀྱི་མཆོག་དམན་མངོན་གསལ་དད་པོ་འབྱེད་པའོ། །

གསུམ་པ། རིགས་བཞི་སོ་སོའི་ལས་འགན་དང་ཐོབ་ཐང་།
        ཆོས་དང་རིག་གནས་ཀྱི་ལས་ཀ་ལ་དབང་ཞིང་། ལྷ་དང་མིའི་བར་དུ་བརྡ་སྤྲོད་མཁན་དུ་གྱུར་པ་ནི་བྲཧྨཎའམ་ཚངས་སྤྱོད་ཅེས་ཚངས་པའི་ཁ་ལས་སྐྱེས་པར་བཤད་པའི་བྲམ་ཟེའི་རིགས་ཏེ་སྐྱེ་བོ་ཀུན་ལ་ལེགས་ཉེས་བླང་དོར་སྟོན་མཁན་ལྟ་བུ་དང་ལྷ་ལ་མཆོད་པ་ལེན་མཁན་དང་སྦྱིན་པ་ལེན་མཁན་གཉིས་ཡོད་པ་ལས་སྦྱིན་པ་ལེན་པའི་ལྷ་ཡིན་པར་བཤད་པས་རྒྱལ་པོ་རྣམས་ཀྱིས་ཀྱང་འདི་ལ་དབང་ཤུགས་སྤྱོད་པར་མི་ནུས་ལ་ཁྲལ་ཀྱང་བསྡུ་བར་མི་བྱ། སྔར་བཤད་པའི་ལས་དྲུག་སོགས་ཀྱི་སྒོ་ནས་སྔོན་གྱི་དྲང་སྲོང་རྣམས་ལ་རིག་བྱེད་ཀློག་པའི་བུ་ལེན་དང་། ལྷ་རྣམས་ལ་མཆོད་སྦྱིན་གྱི་བུ་ལེན། ཕ་མེས་ལ་ཁྱིམ་རྒྱུད་འཛིན་པའི་བུ་ལེན་བཅས་བུ་ལེན་ཆེན་པོ་གསུམ་འཇལ་བ་ནི་བྲམ་ཟེ་རྣམས་ཀྱི་མི་ཚེའི་འགན་བབས་སུ་བཤད། ཀྵ་ཏྲིལ་སྟེ་ཚངས་པའི་དཔུང་ལས་སྐྱེས་པར་བཤད་པའི་རྒྱལ་རིགས་ཞེས་པ་ནི་རྒྱལ་པོ་དང་བློན་པོ་སོགས་སྲིད་དང་དགྲ་ཐབས་ཀྱི་ལས་ལ་དབང་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཡུལ་མི་བདེ་ཐང་སྲུང་བ་ལ་བརྩོན་པ་དག་ཡིན།
        རྒྱལ་རིགས་རྣམས་ཀྱིས་གཡུལ་དུ་དཔའ་བ་ནི་ཀུན་ལས་གལ་ཆེར་བརྩི་ཞིང་། དེ་དེ་ལ་བརྟེན་ནས་འཇིག་རྟེན་གྱི་སྙན་གྲགས་གྲགས་འཐོབ་ཅིང་ཕྱི་མར་མཐོ་རིས་སུ་སྐྱེས་ཟེར། རིག་བྱེད་ཀློག་པ་དང་། མཆོད་སྦྱིན་བྱེད་པ། སྦྱིན་པ་གཏོང་བ་གསུམ་འགན་བབས་ཀྱི་ལས་ཀ་ཡིན་པར་བཤད་ཅིང་། མདའ་མདུང་གྲི་གསུམ་སོགས་འཕེལ་རྩལ་གྱི་རིགས་ལ་བྲམ་ཟེ་རིག་བྱེད་ལ་བྱང་བ་ཙམ་སྦྱང་དགོས། བེེ་ཤྱ་སྟེ་ཚངས་པའི་བརླ་ལས་སྐྱེས་པར་བཤད་པའི་རྗེའུ་རིགས་ནི་ཞིང་དང་། ཕྱུགས་དང་། ཚོང་གི་ལས་ཀ་ལ་དབང་ཞིང་། རྒྱུ་ནོར་བཟོ་སྐྲུན་དང་བགོད་འགྲེམ་བྱེད་པ་ལ་བརྩོན་པ་རྣམས་ཏེ། དེ་དག་ལའང་རིག་བྱེད་ཀློག་པ་སོགས་ཀྱི་འགན་བབས་གསུམ་ག་ཡོད། ཤཱུ་དྲ་སྟེ་ཚངས་པའི་བྱིན་པའམ་རྐང་པ་ལས་སྐྱེས་པར་བཤད་པའི་དམངས་རིགས་ནི་ཨཱ་རྱ་ཎ་རྣམས་ཀྱིས་སྔོན་ནས་རྒྱ་གར་དུ་ཡོད་པའི་མི་ཁ་དོག་ནག་པོ་ཅན་དེ་དག་བཟུང་ནས་ཁོལ་དུ་བྱས་པ་ལས་བྱུང་ཞིང་། ཏིལ་བརྡུང་བ་དང་། ཀོ་བ་མཉེད་པ། མགར་བྱེད་པ་སོགས་ལས་དཀའ་ཤོས་གང་ཡིན་པ་བྱེད་དུ་འཇུག སྤྱི་ཚོགས་སུ་བརྩི་ཐང་ཅི་ཡང་མེད་ལ། ལྷ་ལ་ཕྱག་བྱ་བ་དང་། རིག་བྱེད་ཀློག་པ། མཆོད་སྦྱིན་བྱེད་པ་སོགས་ཆོས་ཀྱི་བྱ་བ་གང་ལའང་འཇུག་མི་རུང་། དེ་ལྟར་རིགས་ཀྱི་དབྱེ་བ་བཞི་རུ་ཕྱེ་བ་ལས། བྲམ་ཟེ་རྣམས་ནི་རིགས་བཞི་གའི་ཏོག་ལྟ་བུར་བརྩི་ཞིང་། དེ་ནས་རིམ་བཞིན་ཕྱི་མ་རྣམས་སྔ་མ་ལས་དམན་པར་བརྩི་ཡང་། རིགས་སྔ་མ་རྣམས་ལ་ཆོས་སྒོར་འཇུག་པའི་དབང་ཆ་ཡོད་པ་དང་། དམངས་རིགས་ལ་དེ་མེད་དོ། དེ་བས་རིགས་སྔ་མ་གསུམ་ག་ལ་གཉིས་སྐྱེས་པའམ་གཉིས་སྐྱེས་ཟེར་ཞིང་། དེ་ཡང་དང་པོ་ཕ་མ་ལས་ཤ་ཁྲག་གི་ལུས་ཐོབ་པ་དང་། དེ་ནས་ཆོས་སྒོར་ཞུགས་ཏེ་སློབ་དཔོན་ལས་ཆོས་ཀྱི་ལུས་ཐོབ་པ་ལ་བྱ། དམངས་རིགས་ལ་དེ་མེད་པས་ཆིག་སྐྱེས་པའམ་ཆིག་སྐྱེས་ཟེར་ཞིང་རིགས་ཀྱི་ཐ་མར་བརྩི། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་སུ་བྲམ་ཟེ་ལ་གཉིས་སྐྱེས་ཟེར་བ་ནི་དེ་ཡིན་ལ། དོན་ལ་རྒྱལ་རིགས་དང་རྗེའུ་རིགས་ཀྱང་གཉིས་སྐྱེས་ཀྱི་རིགས་ཡིན་པར་མ་ཟད་དེ་ལྟར་འབོད་པའང་ཤེས་དགོས་སོ། ད་རུང་རིགས་བཞི་གའི་ཐ་མ་དམངས་རིགས་ལས་ཀྱང་དམན་པ་རིགས་བཞིའི་གྲས་སུ་མི་ཚུད་པ་ཙཎྚལ་སྟེ་གདོལ་བའི་རིགས་བྱ་བ་ཡོད་ཅིང་། དམངས་རིགས་ཀྱིས་ཁྱོ་གས་བྲམ་ཟེ་རིགས་བླངས་པ་ལས་བྱུང་བར་བཤད། དེ་དག་ནི་མི་གྲལ་ནས་ཕུད་ཅིང་ཆེས་ཉམ་ང་བའི་གནས་སུ་ལྷུང་བའི་མིའི་སྡེ་ཚན་ཞིག་ཡིན་ལ། རོ་འཁུར་བ་དང་གཤེད་མའི་ལས་སོགས་ཀྱི་འཚོ། མ་ནུའི་ཁྲིམས་ཡིག་ཏུ་གདོལ་བའི་རིགས་གྲོང་གི་ཕྱི་ལ་བསྡད་དགོས་པ་དང་། ལྩགས་ཀྱི་རྒྱན་འདོགས་དགོས་ལ། སྣོད་སྤྱོད་ཆག་པོ་སྤྱོད་དགོས་པ་དང་། ཁྱི་དང་བོང་བུ་ལས་ལྷག་པའི་ནོར་བསྲེལ་མི་རུང་བ་བཤད། ཕྱི་རུ་འགྲོ་དུས་རང་གི་ལུས་ལ་གདོལ་བ་ཡིན་པའི་རྟགས་བཏབ་སྟེ། རིགས་མཐོན་པོ་རྣམས་དང་མི་རེག་པ་བྱ་དགོས། རིགས་མཐོན་པོ་རྣམས་ཀྱིས་གདོལ་བའི་རིགས་མཐོང་བའང་བཀྲ་མི་ཤིས་པར་བརྩིས་ཏེ་མིག་སྤོས་ཆུས་འཁྲུད་པ་སོགས་བྱེད་ཟེར། གཏམ་རྒྱུད་གསེར་ཐང་དུ་ཨཱ་རྱ་ཎའི་གནའ་བོའི་ཆོས་ལུགས་ལ་མངོན་ཚན་ཤིན་ཏུ་ཆེ་བར་བྱུང་བ་ནི་རིགས་དང་གནས་སྐབས་བྱ་བ་གཉིས་ཡིན་ལ། དེ་ཡང་རིགས་ནི་མཆོག་དམན་གྱི་རིགས་གཅིག་ཡིན་ཀྱང་། སྐྱེས་པ་ན་རིགས་དེར་འགྱུར་བ་ཡིན་གྱི། སྤྱོད་ལམ་དང་ཆ་ལུགས་སོགས་ཇི་ལྟར་བརྗེས་ཀྱང་རྒྱལ་རིགས་བྲམ་ཟེ་ལ་བསྒྱུར་བ་དང་། བྲམ་ཟེ་རྗེ་རིགས་ལ་བསྒྱུར་བ་ལྟ་བུ་ནམ་ཡང་མི་ནུས་ཅེས་ཟེར་རོ། དེའི་ཕྱིར་རིགས་གཞན་ལ་བག་མ་ལེན་པ་སོགས་ལྟ་ཅི། རིགས་འོག་མ་རྣམས་ཀྱིས་གཡོས་པའི་ཟས་དང་། རེག་པའི་ཆུ་ལ་ཡང་བཏུང་དུ་མི་རུང་ངོ། དེ་བཞིན་ལུས་དང་། གོས་ལ་རེག་པ་སོགས་ནམ་ཡང་མ་ཡིན་ལ་ཁྱིམ་དང་ར་བའི་ནང་དུ་ཡང་འཇུག་ཏུ་མི་གཞུག་གོ ། རྒྱ་གར་ལ་བྲམ་ཟེའི་ཆོས་ཁྲིམས་དམ་པོ་ཡོད་པའི་སྐབས། རིགས་ངན་རྣམས་གྲོང་ཁྱེར་དུ་སྡོད་པའི་དབང་ཆ་ཡང་མེད་ཅེས་གྲགས་ལ། དེ་བཞིན་རིགས་ངན་གྱིས་རིགས་བཟང་ལ་སྨད་ན་མགྲིན་པའི་ནང་དུ་ལྕགས་སྲེག་དང་། སྣུམ་འཁོལ་མ་བླུགས་ཏེ་གསོད་པ་སོགས་མ་ནུའི་ཁྲིམས་ཡིག་ཏུ་བཤད་ཅིང་། ཆོས་ཀྱི་བསྟན་བཅོས་བྱ་བ་དེར་ཡང་བྱི་ལ་དང་སྲིན་བུ་དང་རིགས་ངན་བསད་པ་དང་། འབུ་བསད་པ་སོགས་ལ་བསད་པ་སྡིག་སྦྱོང་ཐུན་མོང་དུ་བསྟན་ནོ། །དགེ་ཆོས་རྒྱ་གར་དུ་ཡོད་དུས། ཉིན་ཞིག་ལ་མི་ཞིག་ཤིང་འགྱེལ་ཏེ་འོག་ཏུ་མནན་པ་ལ་གྲོང་པ་རྣམས་ཀྱིས་མཐའ་བསྐོར་ནས་རིགས་གང་ཡིན་མ་ཤེས་པར་རེག་མ་ནུས་ཏེ་ཤི་ལ་བཅུག་པ་དང་། གྲོང་མཐར་འཆི་ལ་ཉེ་བའི་ནད་པ་ལ་རིགས་མ་ཤེས་པར་ཆུ་ཡང་མ་སྦྱིན་པ་སྐོམ་གྲིར་ཤི་བ་སོགས་བྱུང་ཚུལ་མཐོང་བས་དེ་ལྟ་བུའི་དམ་པའི་ཆོས་ལ་སྐྱབས་སུ་མཆི་ཞེས་གསུངས་འདུག །
        མདོར་ན། འཛམ་གླིང་ཤར་ཕྱོགས་ཀྱི་དཔལ་ཡོན་རྒྱལ་ཁབ་ཆེན་པོ་འདི་ལ་བྲམ་ཟེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག མིའི་མཆོད་སྦྱིན་དང་ཁྱོ་བོའི་ཆུང་མ་མེ་ནང་དུ་ལྕེབས་པ། ཆུང་མ་རྣམས་ཀྱིས་ཉིན་ལྟར་ཁྱོ་བོ་ལ་ཕྱག་འཚལ་བ་དང་། རྐང་པ་བཀྲུ། ཆུ་འཐུང་དགོས་པ། བུད་མེད་རྣམས་ཀྱི་རང་གི་ཁྱོ་བོའི་མིང་ཙམ་ཡང་སྨྲ་མི་རུང་བ་བཅས་རིགས་ཀྱི་མཆོག་དམན་དབྱེ་ནས་རིགས་དམན་པ་རྣམས་མི་གྲལ་དུ་འབུད་པ་སོགས་མི་གཞི་ལ་བརྩི་འཇོག་གཏན་ནས་མེད་པའི་གནས་ཚུལ་འདི་དག་དཔལ་ཡོན་རྒྱལ་ཁབ་ཅིག་ཏུ་བྱུང་བ་ནི་ཀུན་གྱི་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ། །  

◆ རྩོམ་པ་པོ། མཁས་སྟོད་སྐལ་བཟང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་2016ལོའི་བོད་སྐད་ཡིག་རྩོམ་རིག་གི་ཞིབ་འཇུག་སློབ་མ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1