༄༅།། ལྷ་རིས་པ་གནམ་ལྷ་རྒྱལ་ལགས་ཀྱི་བརྩམས་ཆོས་བདམས་བཀོད།

སྒྲོལ་མ་དོན་གྲུབ་ཀྱིས་བྲིས་ཤིང་གནམ་ལྷ་རྒྱལ་གྱིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-26



སྒྲོལ་མ་དོན་གྲུབ་ཀྱིས་བྲིས་ཤིང་གནམ་ལྷ་རྒྱལ་གྱིས་པར་མཁོ་འདོན་བྱས།

སྟོན་པ་གཙོ་འཁོར་གསུམ། 

        གནམ་ལྷ་རྒྱལ། 1990ལོར་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས། ཆུང་དུས་སུ་ས་ངོས་དང་ཤོག་བུ་སོགས་ག་ས་གང་དུ་རི་དྭགས་དང་ལྷུན་པོ། གཙང་པོ་དང་མེ་ཏོག སྤྲིན་པ་དང་འཇའ་ཚོན་སོགས་འབྲི་རྒྱུར་ཤིན་ཏུ་དགའ། དམའ་འབྲིང་མཐར་ཕྱིན་རྗེས་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ལྷ་རིས་སྒྱུ་རྩལ་གྱི་འཛིན་གྲྭར་རྒྱུགས་འཕྲོད་ཅིང་། དེ་གར་བསོད་ནམས་རྒྱལ་དང་ཀླུ་བྱམས་རྒྱལ། ཀླུ་འབུམ་ཚེ་རིང་ལ་སོགས་པའི་རེབ་གོང་ལྷ་རིས་སྒྱུ་རྩལ་གྱི་རྒྱུན་འཛིན་པ་དང་མིང་དུ་གྲགས་པའི་ལྷ་རིས་པ་དུ་མའི་ཞབས་པད་སྤྱི་བོས་བསྟེན་ནས། ལྷ་སྐུ་དང་དཀྱིལ་འཁོར། མཆོད་རྟེན་ལ་སོགས་པའི་ཐིག་རྩ་དང་ཚོན་རྩི་འབྱུག་ཐབས་ལེགས་པར་བསླབས་ཤིང་ད་ལྟའི་ཐང་ཀའི་བཞེངས་རྩལ་ལ་རྨང་གཞི་བརྟན་པོ་བཙུགས། དབྱར་དགུན་གྱི་གུང་གསེང་སྐབས་སུ་རོང་བོ་དང་སྐུ་འབུམ་སོགས་དགོན་ཆེན་ཁག་ནས་བློ་སེམས་རྩེ་གཅིག་གིས་ཐང་གའི་སྒྱུ་རྩལ་ཐད་ནས་ཚོན་སྣ་སྡེབ་སྦྱོར་དང་བྲིས་རིས་ཤེས་བྱ་ལ་རྒྱུས་ལོན་མི་དམན་པ་བྱས་ཤིང་། དེ་དང་ཆབས་ཅིག་ལྷ་རིས་རྒྱུན་འཛིན་པ་དང་ལྷ་རིས་དགེ་རྒན་ཆེན་མོ་དག་ལས་ཐོས་པ་དོན་གཉེར་བྱས།

སྒྲོལ་ལྗང་།

        ཐང་གའི་སྒྱུ་རྩལ་འཛིན་གྲྭ་ནས་མཐར་ཕྱིན་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་དང་པོ་རུ་ལོ་གཅིག་གི་རིང་མཛེས་རིས་དགེ་རྒན་གྱི་འགན་བཞེས། དེའི་རིང་ལ་«ཐུགས་རྗེ་ཆེན་པོ་ཕྱག་བཞི་པ»དང«སྨན་བླ»སོགས་ཀྱི་ཐང་གའི་བརྩམས་ཆོས་མང་པོ་བྲིས་ནས་དགེ་སློབ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར།

གུ་རུ་རིན་པོ་ཆེ། 

        2010ལོར་ཁྲེན་ཏུའུ་རུ་ཕྱིན་ཏེ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་རྒྱུན་འཛིན་མཁན། བོད་ཀྱི་མིང་དུ་གྲགས་པའི་ལྷ་རིས་པ་ཆེན་མོ་ལེགས་སྨོན་དགེ་རྒན་དུ་བསྟེན་ནས་ཀརྨ་སྒར་བྲིས་ལུགས་ཀྱི་གསར་རྩོམ་གྱི་ཁྱད་ཆོས་དང་བྲིས་རིས་ཐབས་རྩལ་ཕྱོགས་ནས་ལོ་དྲུག་ལྷག་ལ་སྦྱང་བ་མཛད། མ་ཟད་རྒྱལ་ཕྱི་ནང་ན་མིང་དུ་གྲགས་པའི་«གུ་རུ་སྟོང་ཐང་»དང་«ཐུགས་རྗེ་ཆེན་པོའི་ཞལ་ཐང་བརྒྱ་རྩ་བརྒྱད» «གླིང་གི་དཔའ་རྟུལ་བརྒྱད་ཅུ་ཐམ་པ»སོགས་ཀྱི་ཕུལ་བྱུང་བརྩམས་ཆོས་ཀྱི་གསར་རྩོམ་དང་འབྲི་བཞེངས་ཀྱི་ཚོ་ཆུང་ལ་ཞུགས་ནས་ཐང་ག་50ལྷག་གསར་རྩོམ་བྱས་པ་དང་། དེའི་ནང་གི་ཁག་ཅིག་ལ་སྐབས་དང་པོའི་རྒྱལ་ཡོངས་ཀརྨ་ཕུལ་བྱུང་རྟགས་མའི་ཐང་ག་གསར་རྩོམ་གྱི་འགྲན་བསྡུར་སྟེང་ཕུལ་བྱུང་བྱ་དགའ་ཐོབ།
        2015ནས་2016ལོའི་བར་དུ། ལྷ་ས་རུ་ཆས་ཏེ་རྒྱལ་ཕྱི་ནང་ནས་མགྲིན་གཅིག་ཏུ་ཁས་ལེན་ཐོབ་ཡོད་པའི་ལྷ་རིས་པ་ཆེན་མོ། བོད་ལྗོངས་ཐང་གའི་གྲུབ་མཐའ་ཆེན་མོ་བཞི་ཡི་ཡ་གྱལ་ཀརྨ་སྒར་བྲིས་ཐང་གའི་རབས་བཅུ་བའི་རྒྱུན་འཛིན་པ་ཀརྨ་བདེ་ལེགས་དང་དགེ་ལེགས་ཉི་མ་ལ་སོགས་པའིི་ལྷ་རིས་དགེ་རྒན་དུ་མ་སློབ་དཔོན་དུ་བསྟེན་ནས། བརྩོན་པ་བླ་ལྷག་བསྐྱེད་དེ་ལྷ་རིས་པ་རྣམ་པའི་གདམས་ངག་རིན་ཐང་ཅན་དང་ཐུན་མིན་གྱི་ཁྱད་ཆོས་མ་ལུས་པར་གསན་སྦྱོང་བྱེད་པའི་སྐལ་བཟང་ཤར་ཞིང་། གྲུབ་འབྲས་ཀྱང་ཕུལ་དུ་བྱུང་བ་བླངས།
        2015ལོར་གཞན་དང་མཉམ་འབྲེལ་སྒོས་ཁྲིན་ཏུའུ་ཐང་ག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་གསར་འཛུགས་བྱས་ཤིང་།(ཁྲིམས་མི) བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་དང་ཀན་སུའུ། རྔ་བ་སོགས་ནས་ཐོན་པའི་སློབ་མ་བཅུ་ཕྲག་ལྷག་ལ་ཐང་གའི་སྒྱུ་རྩལ་གྱི་སློབ་ཁྲིད་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
        2017ལོར་གཞན་དང་མཉམ་འབྲེལ་སྒོས་མཚོ་ལྷོ་ཁུལ་ཀརྨ་སྒར་བྲིས་ཐང་གའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་གསར་འཛུགས་བྱས་ཤིང་། ((ཁྲིམས་མི) ལོ་དེར་མཚོ་ལྷོ་ཁུལ་གྱི་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པའི་ཆོ་ལོ་ཐོབ།
        ཁོའི་བརྩམས་ཆོས« གནས་བརྟན་བྷ་ར་ངྷྭ་ཛ་གསེར་ཅན་»ནི་2018ལོའི་སྐབས་བདུན་པའི་ཀྲུང་གོ་རིག་གནས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་བཟོ་རྩལ་མཛེས་རིས་མཁན་གྱི་བརྩམས་ཆོས་སྤུས་ལེགས་བརྩམས་ཆོས་དང་རྒྱལ་སྤྱིའི་བཟོ་རྩལ་མཛེས་རིས་སྤུས་ལེགས་འགྲེམ་སྟོན་སྟེང་2018ལོའི་སྐབས་གསུམ་པའི་ལག་ཤེས་རྟགས་མའི་བཟོ་རྩལ་མཛེས་རིས་ཀྱི་སྤུས་ལེགས་རྟགས་མའི་ཟངས་བུམ་ཐོབ།
        ཁོའི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལ་ཀརྨ་སྒར་བྲིས་ལུགས་ཀྱི་སྲོལ་རྒྱུན་ཐབས་རྩལ་རྒྱུན་འཛིན་བྱས་ཐོག བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཀྱི་ཉིང་བཅུད་དང་ནང་བསྟན་གྱི་གཞུང་གཉིས་ཟུང་འབྲེལ་སྒོས་སྨན་ཐང་དང་མཁྱེན་བརྩེ་ལུགས་སོགས་སྲོལ་རྒྱུན་ཐང་གའི་འབྲི་ལུགས་ཀྱི་ཐབས་རྩལ་དང་སྒྱུ་རྩལ་མཚོན་ཐབས་གཙོ་བོར་བཟུང་ཡོད་པ་ཞིག་ཡིན་ལ། དེའི་ཁར་ཀྲུང་ཡོན་ས་ཆའི་རི་ཆུ་དང་མི་སྣ་འབྲི་བཞེངས་བྱེད་ཚུལ་གྱི་ལེགས་ཆ་ཡང་བསྡུས་ཡོད་པས། ཁོ་ལ་རང་གི་ཐུན་མོང་མ་ཡིན་པའི་གསར་རྩོམ་གྱི་ཁྱད་ཆོས་ཤིག་གྲུབ་ཡོད།
        ཁོའི་ཐང་གའི་བརྩམས་ཆོས་ནི་མི་སྣའི་ཉམས་འགྱུར་གྱི་ཞིབ་འབྲི་གཙོ་བོར་བཟུང་ཐོག་མི་སྣའི་གཤིིས་ཀ་དང་རྒྱན་ཆའི་སྡེབ་སྒྲིག་གི་ལུགས་མཐུན་འབྲེལ་བ་གཙིགས་སུ་བཟུང་སྟེ།དངོས་བྲིས་ལ་གཞོལ་བས་སྐུ་གཟུགས་ཀྱི་སྣང་བརྙན་ལ་གསོན་ཉམས་ལྡན་ཞིང་སྒྱུ་རྩལ་གྱི་ཉམས་འབུར་དུ་ཐོན་ཡོད་ལ། ལྷ་དང་མིའི་རྣམ་པ་གཉིས་མཐུན་ཆ་ཆེ་ཞིང་ཞིབ་ཚགས་ལྡན་པ། ཚོས་གཞི་སྙོམས་ཤིང་སྡེབ་ཁ་འཚམས་པ། སྣང་བརྙན་ཧྲིལ་པོའི་མཐུན་ཆ་ལེགས་ཤིང་བཀོད་པ་ཡི་གར་འོངས་པ་ཞིག་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1