༄༅།། བུད་མེད་ཀྱི་ལུས་ཟུངས་ཉམས་པའི་ནད་རྟགས་གསུམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26


        བུད་མེད་ཅིག་ཡིན་ན་ཟླ་མཚན་འབབ་པ་དང་མངལ་སྦྲུམ་པ།ཕྲུ་གུ་བཙའ་བ།ནུ་མ་བསྣུན་པ་སོགས་ཀྱི་དུས་སྐབས་འདི་བཞི་བོ་ངེས་པར་བརྒྱུད་དགོས་ལ།དུས་སྐབས་འདི་བཞི་བོ་བརྒྱུད་སྐབས་ངེས་པར་དུ་ཟུངས་ཁྲག་ལ་བརྟེན་དགོས།ཟུངས་ཁྲག་ལ་བརྟེན་ནས་ཟླ་མཚན་འབབ་པ་དང་།ཟུངས་ཁྲག་ལ་བརྟེན་ནས་མངལ་གྱི་ཕྲུ་གུ་གསོ་དགོས་ལ།ཕྲུ་གུ་བཙའ་བའི་སྐབས་སུའང་ཟུངས་ཁྲག་ལ་བརྟེན་ནས་ཤུགས་འདོན་པ་དང་།བཙས་རྗེས་ཀྱི་ནུ་འོ་ཡང་ཟུངས་ཁྲག་དང་གཞི་གཅིག་ཏུ་འདྲེས་ཡོད།དེའི་རྐྱེན་གྱིས་བུད་མེད་རྣམས་ཀྱིས་ལུས་ཟུངས་གསོ་བར་མཉམ་འཇོག་ལེགས་པོ་བྱེད་དགོས་པ་དང་།དུས་མཚུངས་སུ་ཟུངས་ཁྲག་ཉམས་པའི་རྟགས་འདི་དག་གསལ་བོར་ཤེས་དགོས།
        གཅིག གདོང་མདོག་སེར་བ། ཟུངས་ཁྲག་གིས་ལུས་ཀྱི་སྐྱི་པགས་ལ་འཚོ་བཅུད་དང་བརླན་གཤེར་སྦྱིན་ཐུབ། སྐྱི་པགས་དཀར་ཞིང་དམར་མདངས་ཆགས་པར་མ་ཟད། འོད་མདངས་ལྡན་པ་ཞིག་ཡིན་ན་ཟུངས་ཁྲག་གིས་འདང་ཡོད་པའི་རྟགས་ཡིན་ལ།དེ་ལས་ལྡོག་སྟེ་གདོང་མདོག་སེར་ཞིང་འོད་མདངས་མི་ལྡན་པ་ནི་ཟུངས་ཁྲག་ཉམས་པའི་རྟགས་རེད།བུད་མེད་རྣམས་ནི་སེམས་རྒྱ་དོག་པའི་དབང་གིས་རྒྱུན་དུ་དོན་དག་ཆུང་ཆུང་ཞིག་གིས་ཀྱང་སེམས་མི་སྤྲོ་བའི་སྣང་ཚུལ་མང་པོ་འབྱུང་དུ་འཇུག་ཅིང་།སེམས་མི་སྤྲོ་བ་བྱུང་ནས་དུས་ཡུན་ཅུང་འགོར་ན་མཆིན་པར་གནོད་པ་དང་།མཆིན་པར་གནོད་ཡུན་རིང་ན་ལུས་ཀྱི་ཟུངས་ཁྲག་ཟད་དེ་ངོ་མདོག་སེར་པོར་འགྱུར་བ་རེད།འདི་ནི་ཟུངས་ཁྲག་ཉམས་པའི་རྟགས་ལས་ཆེས་ཡང་མོ་དེ་ཡིན།
        གཉིས། ངལ་དུབ་ཀྱིས་མནར་བ། དེང་གི་དུས་འདིར། བུད་མེད་དར་མ་རྣམས་ཀྱིས་རྒྱུན་དུ་ཁྱིམ་ཚང་དང་བྱ་བ་གཉིས་ཀར་སེམས་ཚེགས་བྱེད་དགོས་པས།སེམས་ལ་ངལ་དུབ་འབྱུང་སླ། ཀྲུང་ལུགས་སྨན་པས་བཤད་ཚུལ་ལྟར་ན། སེམས་ལ་ངལ་དུབ་ཀྱིས་མནར་ན་མཚེར་བར་གནོད་འཚེ་ཐེབས་པ་དང་།མཚེར་བ་ནི་ཟུངས་ཁྲག་གི་འབྱུང་ཁུངས་ཡིན་པས།རྒྱུན་དུ་ངལ་དུབ་ཀྱིས་མནར་ན་ཟུངས་ཁྲག་ཉམས་སླ་བ་རེད།ཟུངས་ཁྲག་ཉམས་རྗེས་ལུས་ཀྱི་ཤ་གནད་ཇེ་ལྷོད་དུ་འགྲོ་བ་དང་རྐང་ལག་ལ་ཤུགས་མེད་པར་འགྱུར་བ་རེད།
        གསུམ། གྲང་ངར་ལ་སྐྲག་པ། གྲང་ངར་ལ་སྐྲག་པ་ནི་ལུས་ཀྱི་ཟུངས་ཁྲག་ཉམས་པའི་རྟགས་ལས་ཆེས་ལྕི་བ་དེ་རེད། མཁལ་མ་ནི་མིའི་ལུས་སྟེང་གི་དོན་སྣོད་ཆེས་གལ་ཆེན་ཞིག་ཡིན་པས། ལུས་སྟེང་གི་དོན་སྣོད་ཡོངས་རྫོགས་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་ཐུབ་པར་མ་ཟད་དྲོད་ཁོལ་སྦྱིན་པའི་ནུས་པའང་ལྡན། གལ་ཏེ་མཁལ་མའི་ཟུངས་ཁྲག་ཉམས་ན་གྲང་ངར་མི་བཟོད་པ་དང་རྐེད་པ་ན་བ་སོགས་ཀྱི་ནད་རྟགས་འབྱུང་བ་རེད།ནད་ཐོག་ལག་ལེན་ཁྲོད་ཤེས་པ་ལྟར་ན།ལོ་ན་ཆུང་དུས་ནས་འཁྲིག་སྤྱོད་བྱེད་པ་དང་འཁྲིག་སྤྱོད་བྱེད་གྲངས་མང་བ།མངལ་སྦྲུམ་ཐེངས་མང་བ(འདིར་གཙོ་བོ་མངལ་ཤོར་བའི་ཐེངས་གྲངས་ལ་བསྟན་པ་ཡིན)སོགས་ཀྱིས་མཁལ་མའི་ཟུངས་ཁྲག་ཉམས་པ་རེད།
        གལ་ཏེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་གོང་གི་ནད་རྟགས་དེ་དག་བྱུང་ན། སྨན་པའི་མཛུབ་སྟོན་འོག མཆིན་མཚེར་མཁལ་གསུམ་གྱི་བྱེད་ནུས་ལེགས་སྒྲིག་བྱས་ཏེ་ལུས་ཀྱི་ཟུངས་ཁྲག་གསོ་དགོས། གཤམ་དུ་བུད་མེད་རྣམས་ལ་ཟུངས་ཁྲག་ཉམས་པ་འགོག་པའི་ཐབས་ལམ་གསུམ་བརྗོད་རྒྱུ་སྟེ།1.བུད་མེད་རྣམས་ནི་སྐྱོ་སྣང་ཆེ་ཞིང་འཆར་སྒོ་མང་བས།སེམས་ཀྱི་གཡོ་འགུལ་དྲག་པོས་རྒྱུན་དུ་དོན་སྣོད་དང་ཟུངས་ཁྲག་གི་འཁོར་སྐྱོད་ལ་ངན་ཤུགས་ཐེབས་སྲིད།དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བློ་ཁོག་ཡངས་པོ་བྱས་ཏེ།བསྐྱུར་འོས་པ་བསྐྱུར་ཞིང་འདོར་དགོས་པ་འདོར་ཤེས་དགོས།སེམས་མི་སྐྱིད་པའི་དོན་དག་དང་འཕྲད་སྐབས།གཞན་ལ་བཤད་དེ་བསམ་བློ་བརྗེ་རེས་བྱེད་དགོས་ལ།གནས་སྐབས་སུ་ཐག་གཅོད་བྱེད་མི་ཐུབ་ན།སེམས་ནས་འདོར་བ་ལས་སེམས་སུ་ཉར་མི་རུང་།2.རྒྱས་བཟའ་རྒྱས་འཐུང་བྱེད་པ་དང་།འཁྱགས་ཟས་ཀྱི་རིགས་མང་དུ་བསྟེན་ན་མཚེར་བ་དང་ཕོ་བར་གནོད་པ་ཐེབས་ཏེ།ཟུངས་ཁྲག་ཉམས་པའི་གནས་ཚུལ་འབྱུང་སླ།དེ་བས་ཟས་རིགས་ཀྱི་ཕྱོགས་ནས་ཚ་སྐྱུར་གྱི་རིགས་དང་འཁྱགས་ཟས་ཀྱི་རིགས་སོགས་ཕོ་མཚེར་ལ་ཕོག་ཐུག་ཐེབས་པའི་ཟས་རིགས་ཉུང་བཟའ་བྱེད་དགོས།དེ་ལས་གཞན་ད་རུང་ཟས་ཐུན་རེར་ཟ་མ་རྒྱག་ཆོད་པ་མི་བཟའ་བ་དང་ལྷག་པར་དུ་དགོང་ཟས་ཉུང་བསྟེན་བྱེད་དགོས།ཤའི་རིགས་དང་སྔོ་ཚོད་སྦྲགས་མ་བྱས་ཏེ།ཤ་ནག་དང་འོ་མའི་རིགས།སྲན་མའི་རིགས།སྔོ་ཚོད་ཀྱི་རིགས་སོགས་མང་དུ་བསྟེན་དགོས།3.འཚོ་བའི་སྟེང་དུ་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས།ངལ་གསོ་ལེགས་པོ་བྱེད་པ་ལས་མཚན་མོ་ནམ་སྐྱེལ་བྱེད་མི་རུང་། ད་ལྟའི་སྐབས་འདིའང་གནམ་གཤིས་ཇེ་འཁྱགས་སུ་འགྲོ་བཞིན་པའི་སྒང་ཡིན་པས།གྲང་ངར་ལ་སྐྲག་པའི་བུད་མེད་རྣམས་ཀྱིས་ཉིན་དཀར་འདྲེ་ཚེར་མ་དང་ལུག་མིག་མེ་ཏོག་སྦངས་ནས་འཐུང་བ་དང་།དགོང་མོ་ཉལ་ཁར་རྐང་བ་ཆུ་དྲོད་འཇམ་གྱི་ནང་དུ་སྦངས་ན་བཟང་ཞིང་།དུས་རྒྱུན་མོག་རོ་ནག་པོ་དང་ཏིལ་ནག སྟར་ཀ སྲོག་ཆགས་ཀྱི་ནང་ཁྲོལ་སོགས་མང་ཙམ་ཟོས་ན་བཟང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1