ཀུ་ཤུ་ཐོན་ལེགས་བྱུང་ནས་གྲོང་མིའི་གདོང་ལ་འཛུམ་གྱིས་ཁེངས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-29



    གངས་ཅན་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་རྩྭ་དང་རྩི་ཤིང་གི་འབྲས་བུ་སྨིན་པའི་དྲི་ངད་འཐུལ་བའི་སྟོན་མཇུག་གི་ཉིན་ཞིག་གི་སྔ་དྲོར། རྟའུ་རྫོང་སྦར་ཞབས་ཡུལ་ཤོག་ཉིན་བ་གྲོང་སྡེའི་གྲོང་དམངས་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་བསྟན་འཛིན་གྱིས་ཞོགས་ཟས་ཟོས་རྗེས་བྲེལ་འཚུབ་ངང་གྲོང་མི་ཚོ་དང་མཉམ་དུ་ཚད་ལྡན་ཀུ་ཤུ་ཚོད་ལྟ་འདེགས་འཛུགས་བྱེད་སའི་རྟེན་གཞི་རུ་འོངས། ཁོས་ཀུ་ཤུའི་སྐྱེ་ཚུལ་ཡག་མིན་ལ་ཞིབ་མོ་བལྟས་རྗེས་གདོང་ལ་འཛུམ་གྱིས་ཁེངས་པས་མ་ཚད། གནམ་གཤིས་ཡག་པའི་གོ་སྐབས་དང་བསྟུན་ནས་གྲོང་མི་ཚོ་དང་མཉམ་དུ་ཀུ་ཤུ་འཐོག་པའི་ལས་ལ་བྲེལ་བཞིན་འདུག

ཀུ་ཤུ་ཐོན་ལེགས་བྱུང་ནས་གྲོང་མིའི་གདོང་ལ་འཛུམ་གྱིས་ཁེངས།

    ཀུ་ཤུའི་རྟེན་གཞིར་སླེབས་སྐབས། ལྒང་ཞུ་དམར་པོའི་རིགས་སུ་མཐུན་པའི་ཀུ་ཤུ་དེ་དག་ཡ་གའི་རྩེ་མོར་དཔྱངས་ནས་ཉི་འོད་ཀྱི་ཁྲོད་དུ་ཧ་ཅང་མཛེས་ཉམས་ལྡན་པ་ཞིག་མིག་ལམ་དུ་མངོན་པ་རེད། འབྲས་ཤིང་ལྡུམ་རའི་ཁྲོད་ལ་སླེབས་རྗེས་གྲོང་མི་ཚོས་བྲེལ་བ་ཆེན་པོའི་ངང་འགའ་རེས་ཤིང་ཏོག་འཐོག་བཞིན་པ་དང་། འགའ་རེས་ཀུ་ཤུ་བླུག་སྣོད་ལ་ཐུམ་རྒྱག་བཞིན་འདུག འགའ་རེས་སྐྱེལ་འདྲེན་བྱ་རྒྱུར་བྲེལ་ནས་གྲོང་མིའི་གདོང་ལ་ཐོན་ལེགས་ཀྱི་དགའ་སྤྲོའི་མཛུམ་མདངས་རབ་ཏུ་རྒྱས་བཞིན་མཆིས།

    ཉིན་བ་གྲོང་སྡེ་ནི་ཞིང་ལས་རྐྱང་པའི་གྲོང་སྡེ་ཞིག་ཡིན་ཞིང་། གྲོང་སྡེ་ཡོངས་ལ་བསྡོམས་པས་དུད་ཚང52ཀྱི་མི་གྲངས185ཡོད་པའི་ནང་ནས། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས14ཡི་མི་གྲངས63ཡོད་པ་དང་གྲོང་སྡེའི་དབུལ་ཕོངས་ཚད་བརྒྱ་ཆ30ལ་ཟིན་པ་རེད། ཅི་འདྲ་བྱས་ཏེ་དབུལ་ཐར་བྱ་ཐུབ་པ་ནི་ཡུལ་ཤོག་དང་གྲོང་སྡེ་རིམ་པ་གཉིས་ཀྱི་རྩ་འཛུགས་ཀྱིས་ཐག་གཅོད་བྱ་དགོས་པའི་སེམས་ཁྲལ་གྱི་གནད་དོན་ཨང་དང་པོ་ཡིན་ཞིང་། གྲོང་མི་དབུལ་ཐར་བྱ་དགོས་ན་ཐོན་ལས་ཀྱིས་རྒྱབ་སྐྱོར་དང་སྐུལ་ཁྲིད་བྱ་རྒྱུ་དང་བྲལ་ཐབས་མེད་པ་རེད། ཉིན་བ་གྲོང་སྡེས་ཀྱང་སྲད་དཀར་སོགས་དཔལ་འབྱོར་སྐྱེ་དངོས་ཚོད་ལྟ་འདེབས་འཛུགས་བྱས་མྱོང་ཡང་ཐོན་ལས་ཀྱི་འདེགས་སྐྱོར་སྔར་བཞིན་མི་འདང་བ་རེད།

    2018ལོར་ཧྲུའུ་ཅི་དང་པོ་ཁྲེན་ཞི་ཏུང་གིས་གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་རུ་ཁག་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་ཁྲིད་ནས་ས་གནས་གཞན་དུ་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་སར་ཕྱིན་པར་མ་ཟད། ད་དུང་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་གི་རྒྱབ་སྐྱོར་དང་རོགས་རམ་འོག སི་ཁྲོན་ཞིང་ལས་ཚན་རྩལ་ཁང་གི་ཆེད་མཁས་འབུམ་རམས་པ་ཞེ་ཅང་ཧུང་ལ་འབྲེལ་འདྲིས་བྱས་ཏེ་གྲོང་སྡེ་དེར་ཕྱིན་ནས་ཡུལ་དངོས་སུ་རྩད་ཞིབ་དང་དཔྱད་བསྡུར་ཚོད་དཔག་བྱས་པ་དང་། རྟའུ་ཡི་ས་བབས་མཐོ་ཚད་འོས་འཚམ་ཡིན་པ་དང་ནངས་ནུབ་ཀྱི་དྲོད་ཚད་ཧེ་བག་ཆེ་མོད། འོན་ཀྱང་ཉི་འོད་ཕོག་ཡུན་འདང་ངེས་ཡིན་པའི་དགེ་མཚན་དང་འབྲེལ་ནས། མཐོ་སྒང་གི་མངར་ཆ་ལྡན་པའི་ཀུ་ཤུ་ཧྥུ་ཧྲི་འཛུགས་རྒྱུའི་གྲོས་འགོ་བཏོན་པ་རེད། ཆེད་ལས་མཁས་ཅན་གྱིས་བཏོན་པའི་གྲོས་འགོ་དང་བརྟག་དཔྱད་ཞིབ་འཇུག་བྱས་པའི་མཇུག་འབྲས་ཡོད་ཐོག གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་གྲོང་མིའི་ཚོགས་ཆེན་ཐེངས་མང་འཚོགས་མཐར། གྲོང་སྡེ་ཡོངས་སུ་མཐོ་སྒང་གི་མངར་རྒྱུ་ལྡན་པའི་ཀུ་ཤུ་འཛུགས་རྒྱུ་གཙོ་བོར་བྱས་ཤིང་། སྨན་རྩྭ་དང་། ཡུངས་དཀར། ཞོག་ཁོག་སོགས་སྣོལ་འཛུགས་བྱེད་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གཏན་འཁེལ་བྱས་པ་རེད།

    2018ལོའི་སྤྱི་ཟླ11པར། གྲོང་མིས་ཐུན་མོང་དུ་ས་རྒོད་སློག་པ་དང་ཞིང་པའི་ཁྱིམ་ལུད་སྐྱེལ་འདྲེན་བྱས་ཏེ་ཞིང་ས་ལེགས་བཅོས་བྱས་ནས། སྔོན་རྗེས་སུ་མ་དངུལ་སྒོར་ཁྲི60ལྷག་བཏང་ནས་གྲོང་སྡེའི་ཐུན་མོང་ས་ཞིང་མུའུ40དེ་ཚོད་ལྟ་འདེབས་འཛུགས་བྱ་ཡུལ་བྱས་པར་མ་ཟད། སྔོན་མར་མུའུ50ཅན་གྱི་ཀུ་ཤུ་རྟེན་གཞི་དེ་ལེགས་བཅོས་དང་དོ་དམ་ཚད་ལྡན་བྱས་པ་རེད། 2019ལོའི་ལོ་འགོར་མུའུ90ཅན་གྱི་ཀུ་ཤུའི་རྟེན་གཞི་དངོས་སུ་བསྐྲུན་ཐུབ་པ་བྱུང་ནས། གྲོང་མིས་རེས་བསྐོས་ནས་རྟེན་གཞིར་ལུད་རྒྱག་པ་དང་། ཆུ་འདྲེན་པ། སྐྱོར་སྒྲོམ་འཛུགས་པ་བཅས་བྱས་པ་རེད། ད་ལོའི་སྤྱི་ཟླ3པར་གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་རུ་ཁག་གིས་སི་ཁྲོན་ཞིང་ལས་ཚན་རྩལ་ཁང་གི་ཆེད་ལས་མཁས་ཅན་གདན་ཞུ་བྱས་ཏེ་ཡུལ་དངོས་སུ་གྲོང་སྡེའི་ཡུལ་མི་ལ་འབྲས་ཤིང་ཡ་ག་འབྲེག་ཚུལ་སོགས་རྒྱུན་མཁོ་ལག་རྩལ་གྱི་ཤེས་བྱ་བསླབས་པར་མ་ཟད། གྲོང་མིས་ཡུལ་དངོས་སུ་ནས་རྒྱུན་མཁོ་ལག་རྩལ་གྱི་ཤེས་བྱ་ཁོང་དུ་ཆུད་ཐུབ་པ་དང་སྤྱོད་གོ་ཆོད་པ་ཡོང་རྒྱུར་ཁག་ཐེག་བྱས་པ་རེད།

    སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་བཟང་པོར་བརྟེན་ནས་ཡུལ་དེའི་ཀུ་ཤུ་ནི་རོ་མངར་ལ་ཆུ་མང་བའི་སྤུས་ཀ་ལེགས་ཤོས་སུ་གྱུར་པ་རེད། ལེགས་བཅོས་བྱས་རྗེས་ས་ཞིང་མུའུ་རེའི་ནང་ཀུ་ཤུའི་ཐོན་ཚད་རྒྱ་མ500ཡས་མས་ལ་ཟིན་པ་རེད། གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་རུ་ཁག་སྔོན་རྗེས་སུ་ཚོང་ཁྲོམ་སོ་སོར་ཕྱིན་པ་དང་། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་གི་རྒྱབ་སྐྱོར་འོག ཉིན་བ་གྲོང་སྡེའི་ཞབས་འདེབས་ཀྱི་ཚུལ་དུ་ཀུ་ཤུ་ཉོ་སྒྲུབ་བྱེད་པའི་ལས་སྟངས་གསར་པ་སྤྱད་ནས་ལས་ཁུངས་དང་།མཐོ་རིམ་སློབ་གྲྭ། རང་འདེམས་ཚོང་ཁྲོམ་སོགས་ལ་འཚོང་བ་རེད།

ཉེ་ཆར་རྟའུ་རྫོོང་གི་ཉིན་བ་གྲོང་སྡེ་ནས་སྐྱེལ་འདྲེན་བྱས་པའི་ཀུ་ཤུ་ཏུན10ཚང་མ་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་སོགས་ལ་བྲིན་འཚོང་བྱས་ཐུབ་ཡོད་པ། གྲོང་མི་དབང་ཆེན་བདེ་སྐྱིད་ཀྱིས་སྔོན་མར་ཀུ་ཤུ་དེ་ཐར་ཐོར་དུ་འཚོང་ནས་ཡོང་འབབ་ཀྱང་ཡག་པོ་མི་འདུག ད་ལྟར་ཀུ་ཤུའི་རྟེན་གཞི་ཡོད་པས་ང་ཚོས་ཚན་རིག་དང་མཐུན་པའི་སྒོས་སྤུས་ལེགས་ཀྱི་ཀུ་ཤུ་བཙུགས་རྗེས་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཡོད་པ་རེད་ཅེས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད་པ་རེད།

    གྲོང་མི་དང་མཉམ་དུ་བྲིན་འཚོང་བྱས་པའི་ཀུ་ཤུ་དེ་དག་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་གི་གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་མི་སྣ་ཡེ་ཁྲང་ཧྭ་ཡིས་སྤྲོ་སེམས་འཁོར་བའི་ངང་ནས་ཐེངས་འདིའི་ཞབས་འདེབས་ཚབ་ཀྱི་ཉོ་སྒྲུབ་བྱེད་པའི་བྱེད་སྒོ་ཡིས་དུད་ཚང་ཡོངས་ལ་ཡོང་འབབ་སྒོར3000ནས4000བར་རག་ཐུབ་རྒྱུ་རེད། འདི་འདྲའི་བྱེད་སྒོས་མི་ཚང་མའི་རང་སྟོབས་རང་སྤེལ་དང་དབུལ་ཐར་འགག་སྒྲོལ་གྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པར་མ་ཟད། ད་དུང་གྲོང་མིའི་རང་ཉིད་འཕེལ་རྒྱས་དང་མ་སྐུལ་དང་བླངས་ཀྱི་ནང་མཁོ་སྒུལ་ཤུགས་སྐུལ་སློང་བཏང་ནས། ལས་ལ་བརྩོན་ཏེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་སྤྱོད་ཚུལ་བཟང་པོ་གྲོང་སྡེ་ཡོངས་ལ་ཁྱབ་པ་རེད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1