སྡེ་དགེ་རྫོང་གིས་རྒྱུན་མཐུད་དུ་བཀའ་བསྟན་འགྱུར་གྱི་པར་ཤིང་བསྐྱར་རྐོ་ལས་གྲྭར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-19


        སྤྱི་ཟླ12པའི་ཚེས11ཉིན། གསར་འགོད་པས་སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་དོན། སྡེ་དགེ་པར་ཁང་གི《བཀའ་བསྟན་འགྱུར》གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གྲྭའི་སྤྱི་ཡོངས་ཀྱི་འཆར་འགོད་ལྟར། ད་ལོར་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གྲྭ་རྒྱུན་མཐུད་དུ་གསར་རྐོ་དང་། གསབ་རྐོ། དག་བཅོས་བསྐྱར་རྐོ་བྱེད་པ་སོགས་ཀྱི་ལས་ཀ་སྣ་ཚོགས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། སྤྱི་ཟླ12པའི་ཚེས1ཉིན་གྱི་བར་དུ་རིམ་རྩིས་བྱས་ན《བཀའ་བསྟན་འགྱུར》གྱི་པར་ཤིང17759བསྐྱར་རྐོ་བྱས་ཚར་བ་རེད།
        བསྐྱར་རྐོ་བྱེད་རིང་དུ་འབྲེལ་ཡོད་སྡེ་ཁག་དང་ལས་སྒྲུབ་མི་སྣས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། པར་ཤིང་གི་ལག་རྩལ་བརྒྱུད་འཛིན་དང་ཁྲིད་སྦྱོང་བྱེད་སའི་རྟེན་གཞི་གསར་འཛུགས་བྱེད་པའི་ཐབས་ཤེས་སྤྱད་ནས། ཡུན་གཏན་རང་བཞིན་གྱི་བསྐྱར་རྐོ་བྱེད་ས་བཀོད་སྒྲིག་བྱེད་ཅིང་བསྐྱར་རྐོ་བྱེད་པའི་སྤུས་ཚད་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། བསྐྱར་རྐོ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་དུས་ཡུན་ཐུང་ཐུང་ནང《བཀའ་བསྟན་འགྱུར》གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་པ་དང་ཆབས་ཅིག  ཤུགས་སྒྲིལ་མཉམ་ལས་བྱས་ཏེ《བཀའ་བསྟན་འགྱུར》གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གྲྭ་རིམ་བཞིན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་ལྡན་ཅན་དུ་འགྱུར་ཐུབ་པ་བྱས་པ་རེད།
        《བཀའ་བསྟན་འགྱུར》གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གྲྭ་ནི་ལག་རྩལ་ཅན་གྱི་ལས་གྲྭ་ཞིག་ཡིན་པར་བརྟེན། ཡི་གེ་ཡོད་ཚད་པར་ཤིང་སྟེང་དུ་བརྐོ་དགོས་པས་ན་ཕལ་ཆེར་ཉིན4ནས5ཙམ་གྱི་རིང་ལ་པར་ཤིང་གཅིག་མ་གཏོགས་རྐོ་ཐུབ་པ་མ་རེད། པར་ཤིང་རྐོ་ཚར་རྗེས་ད་དུང་ཞུ་དག་ཐེངས་མ་བཅུ་ལྷག་བྱས་མཐར། བསྐྱར་རྐོ་བྱས་ཚར་བའི་པར་ཤིང་ཐོག་ཏུ་སྲུང་སྐྱོང་བྱེད་ཡས་ཀྱི་རྒྱུ་ཆ་བྱུག་རྗེས་ད་གཟོད་པར་ཤིང་གཅིག་གི་ལས་གྲྭ་ཧྲིལ་པོ་འགྲུབ་ཐུབ་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། ཆིན་རྒྱལ་རབས་ཀྱི་གནམ་སྐྱོང་རྒྱལ་པོ་སྐབས་ཀྱི་ལོ་བརྒྱད་པའི(སྤྱི་ལོ1730ལོ)སྐབས། 《བཀའ་འགྱུར》གྱི་པར་ཤིང་རྐོ་འགོ་བཙུགས་ནས་ལོ4ཡི་རྗེས་སུ་ཁྱོན་ཡོངས་ནས་པར་ཤིང་རྐོ་བའི་ལས་གྲྭ་ལེགས་འགྲུབ་བྱུང་ནས་ཁྱོན་བསྡོམས་པོད103གྱི་པར་ཤིང33101ཡོད། 1739ལོར《བཀའ་བསྟན་འགྱུར》གྱི་པར་ཤིང་རྐོ་བའི་ལས་གྲྭ་རྒྱུན་མཐུད་དུ་ལས་འགོ་བཙུགས་པ་རེད། རྐོ་བཟོ་བྱེད་མཁན་གྱི་ལག་རྩལ་པ500ལྷག་གིས་འབད་བརྩོན་ཧུར་ཐག་བྱས་འོག   1742ལོར་ལེགས་འགྲུབ་བྱུང་ནས་ཁྱོན་བསྡོམས་པོད213གྱི་པར་ཤིང64200ཡོད་པ་རེད། 2014ལོའི་སྤྱི་ཟླ4པའི་ཚེས10ཉིན། སྡེ་དགེ་པར་ཁང་གི《བཀའ་བསྟན་འགྱུར》གྱི་པར་ཤིང་དེ་དག་ལོ་ངོ་བརྒྱ་ཕྲག་རིང་གི་ལ་བདར་ཟད་ཐེབས་ཤིང་། ཕར་སྐྱེལ་ཚུར་སྤོ་བྱེད་སྐབས་ཆག་གྲུམ་ཤོར་བ་དང་ཡིག་འབྲུ་མི་གསལ་བར་གྱུར་པའི་དོན་དངོས་ལ་དམིགས་པ་དང་། མི་རིགས་རིག་གནས་དང་དངོས་ཟོག་སྲུང་སྐྱོང་བྱེད་པའི་འདོད་བློ་ལ་གཞིགས་ནས། སྡེ་དགེ་རྫོང་གིས《བཀའ་བསྟན་འགྱུར》གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གྲྭ་སྤེལ་འགོ་བཙུགས་པ་རེད།
        སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་ཁུར་མི་སྣ་བསམ་གཏན་གྱིས་བཀའ་བསྟན་འགྱུར་གྱི་པར་ཤིང་བསྐྱར་རྐོ་བྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་རྗེས་སྔོན་མའི《བཀའ་བསྟན་འགྱུར》གྱི་པར་ཤིང་བརྐོས་མ་དེ་དག་རིག་གནས་དངོས་རྫས་ཡིན་པའི་ཆ་ནས་བསྐྱར་པར་བྱེད་མི་ཆོག་པ་ཐམ་མནན་བརྒྱབ་ནས་ཉར་ཚགས་བྱ་རྒྱུ་རེད། མིག་སྔར་རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་སུ་སྡེ་དགེའི་པར་ཁང་ཁོ་ན་མ་གཏོགས་གནའ་བོའི་པར་ཤིང་བསྐྱར་པར་བྱེད་པའི་ལག་རྩལ་སྤྱོད་མཁན་མེད་པ་རེད། པར་ཤིང་རྐོ་སྟངས་ཀྱི་ལག་རྩལ་བརྒྱུད་འཛིན་བྱེད་པའི་ཆ་ནས་བསམ་བློ་བཏང་སྟེ་བསྐྱར་རྐོ་ལས་གཞི་ལག་བསྟར་བྱེད་པ་དེས་སྲོལ་རྒྱུན་གྱི་པར་ཤིང་ལག་རྩལ་དར་རྒྱས་གོང་འཕེལ་གཏོང་ཐུབ་ལ།  པར་ཤིང་ལག་རྩལ་གྱིས་ཡིག་འབྲུ་སྒྲིག་པའི་ལག་རྩལ་ཚབ་བྱེད་པར་སྔོན་འགོག་བྱེད་ཐུབ་པའི་ཐོག་གློག་ཀླད་ཀྱི་ཐོག་ནས་ཡིག་འབྲུ་སྒྲིག་པ་དང་མགྱོགས་མྱུར་ངང་ཚོན་པར་རྒྱག་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1