མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-24



ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་གཙོ་སློབ་གསོ་སྤེལ་བའི་ཟུར་བྲིས།
       ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་གཙོ་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་བྱེད་པའི་སྤྱིའི་བླང་བྱར་གཞིར་བཟུང་། སློབ་སྦྱོང་སློབ་གསོ། བརྟག་དཔྱད་ཞིབ་འཇུག གནད་དོན་ལྟ་ཞིབ། དག་ཐེར་དོན་འཁྱོལ་གྱི་རིམ་པ་བཞི་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་དབང་བོ་སྐྱོན་ཅན་ལ་དཀའ་གནད་སེལ་བ་དང་། དངོས་དོན་སྒྲུབ་པ། བདེ་སྐྱིད་དོན་གཉེར་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ཐོབ་སེམས་དང་། སྐྱིད་སྣང་། བདེ་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་བའོ།།
      ཉིན་ཤས་རིང་། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམིགས་ཚད་ཀྱི་འབྲེལ་ཡོད་བླང་བྱར་དམིགས་ནས་གཅིག་སྡུད་སློབ་སྦྱོང་དང་། རང་སྦྱོང་། སྤེལ་རེས་བགྲོ་གླེང་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཅིག་སྡུད་སློབ་སྦྱོང་ཐེངས་11བྱས་ལ། ཏང་ཙུའུ་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཐེངས་2ཁྲིད་པ། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་གཙོ་སློབ་གསོའི་འཆད་ཁྲིད་ཆེན་མོ་ཐེངས་2སྤེལ་བ། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ཚོད་ལྟ་ཐེངས་2བྱས་པ་རེད། ཡོངས་ཁྱབ་སྐུལ་ཁྲིད་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་རིམ་ཁག་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་བགྲོ་གླེང་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། དཔེ་མཚོན་སློབ་གསོ་ནང་ཧུར་ཐག་གིས་ཞུགས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  
       དབང་བོ་སྐྱོན་ཅན་ནི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པས། དམིགས་བསལ་ཐུགས་ཁུར་དང་དོ་ཁུར་ཆེན་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་དབང་བོ་སྐྱོན་ཅན་གཅིག་ཀྱང་ལུས་མི་རུང་ཞེས་ནན་བཤད་ཐེངས་མང་གནང་ཡོད། དབང་བོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དབང་བོ་སྐྱོན་ཅན་ཁྲི་8000ལྷག་དང་ཁོང་ཚོའི་ཁྱིམ་ཚང་གི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད།
        ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་གཙོ་སློབ་གསོའི་ཁྲོད་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་གྱི་འགན་འཁྲི་བརྟན་སྲུང་དང་དུས་རབས་གསར་བའི་ཏང་གི་དབང་བོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་འགོ་གཙོ་དབྱང་ཧའེ་ཁྲེང་གིས་ཏང་གི་སློབ་ཚན་ཁྲིད་སྐབས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་དམངས་འཚོའི་ཞབས་ཞུའི་ལས་འགན་སྒྲུབ་རྒྱུ་མང་ཤོས་ཀྱི་མི་དམངས་ཚོགས་པ་ཞིག་རེད། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་ངོས་ནས་བརྗོད་ན། ཐོག་མའི་འགན་འཁྲི་སྒྲུབ་པའི་རྨང་གཞི་ནི་བློ་རྩེ་གཅིག་གི་སྤྱོད་སྟངས་རེད་ལ། དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་དཀའ་ངལ་དང་དཀའ་སྡུག་མ་སེལ་ན་དབང་བོ་སྐྱོན་ཅན་གྱི་ལས་དོན་ལེགས་པར་སྒྲུབ་ཐུབ་མི་སྲིད་ཅེས་ཟེར།
      དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་རང་གཤིས་རེ་ཞུ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་དང་ཞན་ཆ་ཤེས་རྟོགས་ཐུབ་ཆེད། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཚིགས་རེར་གཞི་རིམ་དང་མང་ཚོགས་ཁྲོད་ཐེངས་རེ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཧུར་ཐག་བྱས་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། འགལ་བ་སེལ་བ་དང་དཀའ་ངལ་ཐག་གཅོད་བྱས། དབང་བོ་སྐྱོན་ཅན་གྱི་ཁྲོད་ནས་ཡོང་བ་དང་དབང་བོ་སྐྱོན་ཅན་གྱི་ཁྲོད་ནས་སྐྱོད་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མང་ཚོགས་དང་འབྲེལ་བ་ཏན་ཏིག་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ། ངོ་བོ་གསུམ་ཆེ་རུ་གཏོང་བ་དང་ཅན་བཞི་མེད་པར་བཟོ་བ་བརྒྱུད་དབང་བོ་སྐྱོན་ཅན་ཁག་གི་ཀུན་ཕན་ཁྱད་ཕན་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
       གཤགས་བཅོས་ལེགས་གྲུབ་བྱུང་སོང་། བུ་ཆུང་གི་ལུས་ཕུང་གསོས་པ་མགྱོགས། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཞེས། ཉེ་ཆར། རྔ་བ་རྫོང་ཁོ་ཆུ་ཡུལ་ཚོའི་བསོད་ནམས་མགོན་གྱི་ནང་མི་ཚང་མ་ཧ་ཅང་དགའ་པོ་བྱུང་། ཁོང་གི་ཕྲུ་གུ་ཀརྨ་རྣམ་རྒྱལ་ལ་ལྷན་སྐྱེས་ཀྱི་ཁ་ཤོ་ཡོད་པས་ཕྱིའི་རྣམ་པར་ཤུགས་རྐྱེན་ཐེབས་པ་མ་ཟད། ཟ་མ་ཟ་རྒྱུའང་ཧ་ཅང་ཁག་པོ་རེད། ཟླ་9བར། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཝུན་ཀྲོའུ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་འཛུམ་མདངས་ལས་གཞིའི་དགེ་སྒྲུབ་སྨན་བཅོས་རོགས་སྐྱོར་རྣམ་གྲངས་དེ་ཁུལ་མི་དམངས་སྨན་ཁང་དུ་སྤེལ་འགོ་ཚུགས་པ་དང་སྨན་བཅོས་རུ་ཁག་གིས་གདམ་གསེས་བརྟག་དཔྱད་བྱས་པ་བརྒྱུད། ཀརྨ་རྣམ་རྒྱལ་ལ་ཝུན་ཀྲོའུ་གསོ་རིག་ཚན་རིག་སློབ་ཆེན་དང་ཧྭ་ཤིས་ཁ་སྦུག་སྨན་ཁང་གི་སྨན་བཅོས་ཚོགས་པའི་མཉམ་དུ་ནད་དཔྱད་བྱས་ནས་གཤགས་བཅོས་བྱས།
        ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་དུ་འཛུམ་མདངས་ལས་གཞིའི་དགེ་སྒྲུབ་སྨན་བཅོས་རྣམ་གྲངས་ཀྱི་རོགས་སྐྱོབ་སྨན་བཅོས་དང་ལེན་བྱས་པའི་ཁ་ཤོ་དབུལ་བོའི་བྱིས་པ་40ཡོད་པ་རེད། ད་ཐེངས་ཀྱི་འཛུམ་མདངས་ལས་གཞིའི་བྱེད་སྒོ་ནི་ཝུན་ཀྲོའུ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་གཏུག་དང་གྲོས་མོལ་གང་ལེགས་བྱས་པ་བརྒྱུད། ཐུན་མོང་ཐོག་གཏན་འཁེལ་བྱས་པའི་དམངས་སེམས་ཐོབ་པ་དང་། དམངས་ཀྱི་འདོད་བློར་མཐུན་པ། དམངས་འཚོར་ཕན་པ། དམངས་ཀྱི་དཀའ་གནད་སེལ་བའི་རྣམ་གྲངས་ཤིག་ཡིན་ལ། ཝུན་ཀྲོའུ་ཡི་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་སེམས་མི་སྣས་རྔ་བར་བཅངས་པའི་བརྩེ་བ་དང་། རྒྱ་ཆེའི་ཁ་ཤོ་ཕོག་པའི་ནད་པར་ཞབས་འདེགས་ཞུ་བའི་གཅེས་སེམས་སྤྱོད་སྟངས་ཤིག་ཡིན། རང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་གཙོ་སློབ་གསོའི་བྱེད་སྒོ་ལག་ལེན་ཧུར་ཐག་བསྟར་ནས་རྒྱ་ཆེའི་དབང་བོ་སྐྱོན་ཅན་ལ་སེམས་ཁྲལ་དང་དཀའ་གནད་སེལ་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད།
      ཝུན་ཁྲོན་རྫོང་ཡན་མོན་ཡུལ་ཚོའི་དབྱང་ན་ལ་གཞོན་ནུ་ལོ་ཆུང་གི་སེར་ཁྲ་ནད་ཕོག་ནས་རྒྱང་སྒྲིབ་མིག་ཏུ་གྱུར་ཡོད། ནད་རྟགས་མ་ཚོར་རྐྱེན་དུས་ཐོག་ཏུ་སྨན་བཅོས་མ་བྱས་པས་མིག་ཤེད་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཏེ་ཡུན་རིང་ཁྱིམ་དུ་སྡོད་དགོས་བྱུང་། 2018ལོར། དབྱང་ན་རྔ་བ་ཁུལ་གྱི་སྐབས་དང་བོའི་འཕུར་མཉེད་གསོ་སྦྱོང་འཛིན་གྲྭར་ཞུགས་པ་དང་རྩལ་ནུས་དགེ་རྒན་གྱི་མཛུབ་ཁྲིད་ཞིབ་ཚགས་འོག ཁོ་མོས་རང་ཉིད་ལ་འཚམ་པའི་ལག་རྩལ་སྣ་གཅིག་ཤེས་བྱུང་། ད་ཆ་ཁོང་གིས་སྦྱངས་པའི་འཕུར་མཉེད་རྩལ་ནུས་ལ་བརྟེན་ནས་ཁྲེང་ཏུའུ་ལུང་ཆོན་དབྱི་ལོང་བའི་འཕུར་མཉེད་ཁང་དུ་ལས་ཀ་བྱེད་པ་དང་ཟླ་རེར་ཡོང་འབབ་ངེས་ཅན་ཞིག་ཡོད།
        དབང་བོ་སྐྱོན་ཅན་དབུལ་བོའི་ལྟ་སྐྱོང་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་དང་མཐུན་སྦྱོར་བྱས་ཏེ་དབང་བོ་སྐྱོན་ཅན་དབུལ་སྐྱོར་བྱ་ཡུལ་གྱི་འཚོ་བའི་ཁ་གསབ་དང་། དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ། དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་གེགས་མེད་སྒྱུར་བཀོད་རྣམ་གྲངས། དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོབ་སོགས་ཐད་ཀར་དམངས་ལ་ཕན་པ་ཐོབ་པ་དང་དུད་ཚང་ལ་ཕན་པ་ཐོབ་པའི་སྲིད་ཇུས་དེ《ཁུལ་ཡོངས་ཀྱིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་དོན་འཁྱོལ་བྱས་ནས་གྲལ་བཤེར་ཆེན་པོའི་ལས་ཀའི་ལག་དེབ།》ནང་བཅུག་ནས་དབང་བོ་སྐྱོན་ཅན་དབུལ་བོའི་ལྟ་སྐྱོང་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
      བབ་ཆགས་པའི་ཚིག་རེ་རེས་བརྩེ་སེམས་མཚོན། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན། ཞེས་པ་ནང་བཞིན་བརྗོད་གཙོ་སློབ་གསོ་སྤེལ་ཚུན་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དབང་བོ་སྐྱོན་ཅན་མང་ཚོགས་ཀྱིས་གང་ཞིག་རེ་སྒུག་བྱེད་པ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ། འགན་འཁྲིའི་འདུན་པ་བློ་ལ་བརྟན་པོར་བཟུང་ནས་དབང་བོ་སྐྱོན་ཅན་གྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1