༄༅།། མོ་ཊའི་ནང་དུ་ཅ་ལག་རྩ་ཆེན་འཇོག་མི་རུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། 01-06



          ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་མོ་ཊའི་ནང་གི་རྒྱུ་ནོར་བརྐུས་པའི་གྱོད་གཞི་གཉིས་རྩད་ཆོད་པ་སྟེ། སྲམ་ལྤགས་ཀྱིས་བརྒྱན་པའི་ཕྱུ་པ་གཅིག་དང་། གསེར་ཆས་དང་དངུལ་ཆས། མཆོད་རྫས། དངུལ་གྲི  གཡང་ཊིའི་ཡོ་ཆས་སོགས་བརྐུས་དངོས་མང་པོ་ཚུར་བླངས་ནས་མང་ཚོགས་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་འདུག

ཉེན་རྟོག་པས་བརྐུས་དངོས་དབྱེ་བ་ཕྱེ་ནས་ཐོ་འགོད་བྱེད་པ།
          ཟླ་11ཚེས་30ཉིན། གསེར་རྙེད་ཆུས་སྤྱི་བདེ་ཅུས་ལ། ཟླ་11ཚེས་30ཉིན་གྱི་ཆུ་ཚོད་11ནས་12བར། ནག་ཆུ་གྲོང་ཁྱེར་པིན་ཧོ་ལམ་ཟུར་དུ་བཞག་པའི་མོ་ཊའི་ནང་གི་དངུལ་སྨར་སྒོར་ཁྲི་1.2བརྐུས་འདུག་ཅེས་པའི་མང་ཚོགས་ཀྱི་ཉེན་བརྡ་འབྱོར་རྗེས། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ། ས་ཆ་དངོས་ལ་སྐོར་ཞིབ་དང་། སྐད་ཆ་དྲིས་པ། བརྟག་ཞིབ་དཔང་ལེན་བཅས་ཀྱི་ལས་དོན་མང་པོ་སྤེལ་བ་རེད།
          ཟླ་12ཚེས་6ཉིན། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྲལ་བཤེར་དང་ཞིབ་བསྡུར་བྱས་པ་བརྒྱུད། འཇིགས་ཆེ་གེ་མོར་དོགས་པ་ཆེན་པོ་སྐྱེས། ཟླ་12ཚེས་8ཉིན། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ཁུལ་ཆུང་ཞིག་གི་ཉེ་འགྲམ་དུ་འཇིགས་ཆེ་གེ་མོ་བཟུང་བ་དང་། མི་དམངས་ཉེན་རྟོག་པས་འདྲི་གཅོད་བྱས་པ་བརྒྱུད། འཇིགས་ཆེ་གེ་མོས་རང་གི་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར། གྱོད་གཞི་འདིར་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།

ཉེན་རྟོག་པས་རྩད་ཆོད་པའི་བརྐུས་དངོས།
          འདི་ལོ་ཚུན། ཉེས་དོན་གྱོད་གཞི་དང་ལྷག་པར་དུ་རྐུ་རྒྱག་གྱོད་གཞི་ཁག་ལ་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་ཞིབ་གཅོད་ལས་དོན་མང་པོ་གཅིག་སྡུད་ཐོག་སྤེལ་བ་རེད།
          ཞིབ་གཅོད་དང་གྲལ་བཤེར་བྱས་པ་བརྒྱུད། ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་རར་སྐྱེས་པ་ཞིག་གིས་མོ་ཊའི་ནང་ནས་བརྐུས་པའི་ཕྲེང་བ་དང་ཧ་ཅང་འདྲ་བ་ཞིག་བཏགས་ཡོད་པ་མཐོང་། འདྲི་རྩད་བྱས་པ་བརྒྱུད། སྐྱེས་པ་དེས་ཕྲེང་བ་དེ་ནི་ཉིན་དེའི་ཞོགས་པར་བདེ་ཆེ་གེ་མོའི་ལག་ནས་ཉོས་ཚུལ་བཤད་པ་དང་། བདེ་ཆེ་གེ་མོའི་སྐད་འཕྲིན་ཨང་གྲངས་མཁོ་འདོན་བྱས་པ་རེད། ཁུངས་སྣེ་དེ་གཞིར་བཟུང་། ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བདེ་ཆེ་གེ་མོའི་ཆ་འཕྲིན་མྱུར་དུ་ཤེས་པ་རེད། དེ་དང་ཆབས་ཅིག མྱུལ་ཞིབ་ཚོགས་ཆུང་གཞན་ཞིག་གིས་ཀྱང་། མོ་ཊའི་ནང་གི་རྒྱུ་ནོར་བརྐུས་པའི་གྱོད་གཞི་ཐོན་རིམ་བཞིན་དོགས་གཞི་ཡོད་པའི་མི་ཞིག་རྟག་ཏུ་བདལ་གཏོང་རླངས་འཁོར་ལ་བསྡད་དེ་གྱོད་གཞི་ཐོན་ཡུལ་དུ་སླེབས་ཡོད་པ་ཤེས་རྟོགས་བྱུང་བ་རེད།
          ཚོགས་ཆུང་ཁག་གི་མྱུལ་ཞིབ་གནས་ཚུལ་གཞིར་བཟུང་། ཟླ་12ཚེས་8ཉིན་གྱི་དགོང་མོར། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་འཆར་གཞི་བཟོས་ཐོག ཟླ་12ཚེས་9ཉིན་གྱི་དགོང་མོའི་ཆུ་ཚོད་12ལ། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་ཉེས་གསོག་དོགས་ཅན་བདེ་ཆེ་གེ་མོ་དང་ཁོ་པའི་རོགས་པ་བཀྲ་ཆེ་གེ་མོ་བཟུང་བ་མ་ཟད། ཁོ་པའི་སྡོད་ཁང་ནས་བརྐུས་དངོས་མང་པོ་རྩད་ཆོད་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་བདེ་ཆེ་གེ་མོས་རང་ཉིད་ཀྱིས་མོ་ཊའི་ནང་ནས་རྒྱུ་ནོར་ཐེངས་ལྔ་བརྐུས་པའི་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། གྱོད་འབྲེལ་རྒྱུ་ནོར་གྱི་སྤྱིའི་རིན་ཐང་སྒོར་ཁྲི་55ལྷག་ཙམ་ཟིན་གྱི་ཡོད་པ་རེད།  མིག་སྔར། གྱོད་གཞི་འདིར་རྩད་གཅོད་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1