རྨ་འགྲམ་ནས་ཕྱུག་འགྱུར་གྱི་རླུང་བུ་ཞིག་ལྡང་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06



    ཀྲུང་གུང་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་ཨུ་ལྷན་དང་། རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་འོག རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་གི་2020ལོའི་ཐོན་རྫས་གསར་སྤེལ་ཚོགས་འདུ་དེ་སྤྱི་ཟླ་དང་པོའི་ཚེས་3ཉིན་ཁྲེན་ཏུའུ་རུ་བསྡུས། ཐེངས་འདིའི་ཚོགས་འདུར་ལྗང་མདོག་ཐོན་ལས། རྒྱུན་བརྟན་འཕེལ་རྒྱས་ཞེས་པའི་བརྗོད་དོན་གཙོ་བོ་དང་། ཐོན་ཁུངས་ཀྱིས་ཐོན་ལས་སྣེ་ཁྲིད། ཐོན་ལས་ཀྱིས་ཁེ་ལས་སྣེ་ཁྲིད། ཁེ་ལས་ཀྱིས་འབྱོར་འབྲིང་སྐུལ་སྤེལ་བྱེད་པ་བཅས་དམིགས་འབེན་བྱས་པ་དང་། གསར་སྤེལ་ཚོགས་འདུ་དེ་ཡང་དངུལ་རྭ་གྲོང་རྡལ་གྱི་དབུལ་སྐྱོར་ཐོན་ལས་གླིང་བཙུགས་པའི་ཚུན་གྱི་ཐོན་རྫས་གསར་སྤེལ་ཚོགས་འདུ་ཐེངས་དང་པོ་རེད།
    ཐོན་རྫས་གསར་སྤེལ་ཚོགས་འདུའི་ཐོག ཁེ་ལས་བཞི་ཡིས་མཉམ་དུ་ཐོན་རྫས་འགྲེམ་སྤེལ་བྱས་ཏེ། གསར་སྤེལ་བྱས་པའི་ཐོན་རྫས་ལ་མཐོ་སྒང་གི་ནོར་ཁུལ་ལས་སྣོན་བྱས་པའི་གཟན་ཤམ། བོད་ཀྱི་ཐང་ཀ རྡོ་བཟོ། རང་བྱུང་ལུད་རྫས་སོགས་ཡོད་པ་དང་། ཚོགས་འདུའི་བྱེད་སྒོའི་རྣམ་པ་ལ་ཐོན་རྫས་གསར་སྤེལ་དང་། རང་མོས་བགྲོ་གླེང་། ཕྱོགས་སོ་སོའི་ཤེས་ཡོན་པ་དང་ཁེ་ལས་པ། དེ་མིན་ལས་སྒོ་གསར་སྤེལ་བ་བཅས་ཀྱིས་བསམ་བློ་བརྗེ་རེས་སོགས་གཙོར་བྱས་ཏེ་མདོ་དབུས་མཐོ་སྒང་གི་ཞིང་འབྲོག་ཐོན་རྫས་ལས་རིགས་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་འདུག དེ་ནས་ས་ཁུལ་སོ་སོའི་ཚབ་ཚོང་པ་དང་ཁེ་ལས་གཉིས་ཀས་ཡུལ་དངོས་ནས་མཉམ་ལས་གན་རྒྱའི་སྟེང་མིང་རྟགས་བཀོད་ནས་ཐོན་ལས་གླིང་གི་ཐོན་རྫས་དངོས་སུ་ཚོང་རར་བཀྲམ་རྒྱུ་ཁྱབ་སྤེལ་བྱས།

        གསར་སྤེལ་ཚོགས་འདུ་དེ“སུམ་འགྱུར་བཅོས་བསྒྱུར”གྱི་ལས་ཀ་རྨང་གཞི་བྱས་ཏེ། དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་དང་ཁེ་ལས་ཟོང་རྟགས་ཁྲོམ་རའི་ཕྱོགས་སུ་ཁྱབ་བྒྲགས་བྱས་ཤིང་། དངུལ་རྭ་གྲོང་རྡལ་གྱིས་ནན་ཏན་སྒོས་“སུམ་འགྱུར་བཅོས་བསྒྱུར”ཞིང་སྡེ་དར་སྤེལ་གྱི་རེ་བའི་ས་བོན་ལ་འགྱུར་དུ་བཅུག་པའི་དུས་མཚུངས་སུ། གཙོ་སྒྲུབ་མཁན་གྱིས་གསེར་ལས་དཀོན་པའི་དུས་ཚོད་འདི་བེད་སྤྱད་ནས་སྔར་ལས་ལྷག་པའི་སྒོ་ནས་ཐོན་ལས་དབུལ་སྐྱོར་དང་ཞིང་སྡེ་དར་སྤེལ་བྱ་བར་ཤུགས་འདོན་དང་། གྲོང་རྡལ་གྱི་ཐོན་ལས་འཐུས་སྒོ་ཇེ་ཚང་དང་འབྲོག་དམངས་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པར་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།

 
    རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་གི་ཁེ་ལས་སོ་སོས་ཐེངས་འདིའི་ཚོགས་འདུའི་ཁྲོད་ཀྱི་ཐོན་རྫས་གསར་པ་དེ་དག་རྣམ་པ་ཅི་འདྲ་ཞིག་གི་ཐོག་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་དང་། ཐོན་རྫས་གསར་སྤེལ་ཚོགས་འདུ་འདི་ཡིས་ལས་རིགས་ཁག་ལ་འགྱུར་ལྡོག་གང་དག་ཐོན་ཐུབ་པ་སོགས་ཡུལ་དངོས་ནས་གསལ་བཤད་བྱས་ཡོད་པ་དང་། ཚང་མས་མཉམ་དུ་མཐོ་སྒང་འབྲོག་ལས་ཀྱི་མདུན་ལམ་གསར་པ་དང་འགྲོ་ཕྱོགས་གསར་པར་བདེན་དཔང་དང་སྐུལ་འདེད་ཐུབ་པར་རེ་སྒུག་བྱ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1