རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡངས་པོ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-09



སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་གླེང་།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

 

 

ཡོད་ཚད་མདུན་དུ་ཕྱོགས་ཀྱང་བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་། ཇི་འདྲའི་རྒྱང་རིང་དུ་སོང་བ་དང་ཇི་འདྲའི་འོད་སྟོང་འབར་བའི་མ་འོངས་པར་ཐོན་རུང་བརྒྱུད་མྱོང་བའི་འདས་སོང་བརྗེད་མི་རུང་བ་དང་། ཅིའི་ཕྱིར་ལམ་དུ་ཆས་པའང་བརྗེད་མི་རུང་། 

ལོ་ངོ་བདུན་ཅུའི་སྔོན་གྱི་ཟླ་10པའི་ཚེས་1ཉིན། བློ་མཐུན་མའོ་ཙེ་ཏུང་གིས་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ཏུ་འཛམ་གླིང་ཡོངས་ལ་བརྗིད་ཉམས་དང་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་གནང་ཞིང་། དེ་ནས་བཟུང་ཀྲུང་གོ་མི་དམངས་ཡར་ལངས་པ་རེད། “རླབས་ཆེན་གྱི་ལས་དོན་འདིས་ཉེ་རབས་ཚུན་གྱི་ལོ་ངོ་100ལྷག་གི་ཀྲུང་གོའི་དབུལ་ཕོངས་ཉམ་ཆུང་དང་གཞན་གྱིས་བརྙས་བཅོས་བྱེད་པའི་ཡ་ང་བའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་ཞིང་། ཀྲུང་གོའི་མི་རིགས་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་བགྲོད་ལམ་ཡངས་པོར་བསྐྱོད་ཐུབ་པ་བྱུང་།”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོན་པོའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་རྒྱུས་དོན་སྙིང་ལ་གདེང་འཇོག་མཛད་པ་དང་། གཏིང་ཟབ་པའི་སྒོ་ནས་ཀྲུང་གོ་གསར་པས་ལོ་ངོ་70རིང་ལ་གསར་གཏོད་བྱས་པའི་མི་ཡུལ་གྱི་ངོ་མཚར་གྲུབ་འབྲས་ཞིབ་བརྗོད་གནང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བའི་འོད་སྟོང་འབར་བའི་མ་འོངས་པར་རེ་ལྟོས་གནང་བར་མ་ཟད། ཀྲུང་ཧྭའི་བུ་དང་བུ་མོ་ཁྲི་དུང་ཕྱུར་གྱིས་སྤོབས་སེམས་དང་ཡིད་ཆེས་ཡོད་པར་རླབས་ཆེན་གྱི་ཕུགས་འདུན་མངོན་དུ་འགྱུར་བར་མུ་མཐུད་དུ་འབད་བརྩོན་བྱ་དགོས་པའི་སྐུལ་སློང་མཛད།

“སྐྱ་རེངས་ཤར་ཚེ་ཡུལ་ཀུན་གསལ།”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པས་ཀྲུང་གོ་མི་དམངས་ཁྲི་དུང་ཕྱུར་རྒྱལ་ཁབ་དང་སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་བ་དང་། སྤོབས་སེམས་དང་བཅས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་དུ་འགྱུར་བའི་རྒྱང་སྐྱོད་ཀྱི་འགོ་བརྩམས་པ་རེད། ང་ཚོ་ཏང་གིས་མཐུན་སྒྲིལ་གྱིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་པར་གྲུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ལ་ཕབ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་གསར་བརྗེ་ལེགས་པར་གྲུབ་པ་རེད། དེས་ཉེ་རབས་ཀྲུང་གོའི་འཕེལ་རྒྱས་མདུན་སྐྱོད་ལ་གཞི་རྩའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཞག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཀྱི་རྒྱུན་ཆད་མེད་པར་ཉམས་རྒུད་དུ་ཕྱིན་པ་ནས་ལས་དབང་ལ་ཁ་ལོ་བརྗེ་བ་དང་། རྒྱུད་མཐུད་ངང་སྟོབས་འབྱོར་ལྡན་པའི་རླབས་ཆེན་མཆོང་སྐྱོད་མངོན་དུ་གྱུར། 

“བསིལ་རླུང་ལྡིང་ཚེ་དཔྱིད་དཔལ་ཤར།”1978ལོའི་ཟླ་12པར། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཤིང་། དེ་ནི་དཔྱིད་རླུང་ནང་བཞིན་ཀྲུང་གོའི་འཛིན་མའི་ཁྱོན་ལ་ལྡང་། ང་ཚོ་ཏང་གིས་མཐུན་སྒྲིལ་སྒོས་མི་དམངས་ཀྱི་སྣེ་ཁྲིད་དེ་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གྱི་གསར་བརྗེ་གསར་པ་བྱས་ཏེ། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་སུ་འགྲོ་བར་གེགས་སུ་གྱུར་བའི་བསམ་བློ་དང་ལམ་ལུགས་བསལ་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གཏོད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་རང་བཞིན་ལ་སྐུལ་སློང་བྱས་པར་མ་ཟད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་བ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་གོང་འཕེལ་དུ་བཏང་། མང་ཚོགས་ཀྱི་འཚོ་བ་མངོན་གསལ་ངང་ལེགས་བཅོས་སུ་བཏང་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་ངང་གོང་དུ་འཕེལ། རྒྱལ་སྤྱིའི་གོ་གནས་མངོན་གསལ་ངང་མཐོར་འདེགས་སུ་བཏང་ནས་ཀྲུང་གོ་དུས་རབས་ཀྱི་རྗེས་ཆོད་ཐུབ་པ་བྱུང་། 

“མཐའ་ནི་མཐོང་དཀའ་མུ་མཐའ་བྲལ། ། གཡོར་མོ་འཕྱར་པས་ལམ་ཕྱོགས་རྙེད། །”
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་ཀྱི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་དང་འགན་འཁྲིའི་སེམས་ཤུགས་དྲག་པོར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཞིག་གི་འགོ་ཚུགས་ཤིང་། ལུས་སེམས་གཉིས་རླབས་ཆེན་གྱི་རང་ངོས་གསར་བརྗེ་ལ་གཞོལ་ཞིང་མཐུན་སྒྲིལ་སྒོས་མི་དམངས་ཀྱི་སྣེ་ཁྲིད་དེ་སྔོན་ཆད་ཐག་གཅོད་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་སྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པར་སླེབས་པ་དང་། “དུས་རབས་ཀྱི་རྗེས་ཆོད་པ”ནས“དུས་རབས་ཀྱི་སྣེ་ཁྲིད་པའི”རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་། 

ལོ་རྒྱུས་ནི་ལོ་ཟླའི་ཆར་རླུང་བརྒྱུད་རྗེས་ད་གཟོད་སྔར་ལས་གསལ་པོོར་མངོན་ངེས། དེ་རིང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་དར་རྒྱས་སུ་ཕྱིན་པ་ནས་སྟོབས་འབྱོར་རྒྱས་པའི་རླབས་ཆེན་གྱི་མཆོང་བསྐྱོད་བསུས་ཤིང་། རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40རིང་གི་རླབས་ཆེན་བསྐྱར་དར་གྱི་ལག་ལེན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་རྒྱུན་མཐུད་འཚོལ་ཞིབ་ཁྲོད། ཏང་དང་མི་དམངས་ཀྱིས་དཀའ་སྡུག་མང་པོ་མྱངས་ཤིང་རིན་དོད་མང་པོ་བློས་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་འབྱེད་དང་འཕེལ་རྒྱས་སུ་བཏང་། དངོས་ཡོད་ཀྱི་ར་སྤྲད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་དུ་འགྱུར་བ་དང་། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན་པ་རེད། ཏང་གིས་ལོ་རྒྱུས་ཀྱི་ཕྱོགས་ངེས་གསར་པར་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འོས་འགན་མངོན་འགྱུར་བྱེད་པའི་གཞི་རྩ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་དགོས་པ་དང་། ཏང་ཡོངས་ཀྱིས་སྔར་ལས་རང་རྟོག་གིས་བགྲོད་ལམ་གྱི་ཡིད་རྟོན་དང་གཞུང་ལུགས་ཀྱི་ཡིད་རྟོན། ལམ་ལུགས་ཀྱི་ཡིད་རྟོན། རིག་གནས་ཀྱི་ཡིད་རྟོན་བཅས་སྲ་བརྟན་དུ་གཏང་དགོས། བཀག་སྡོམ་མཁྲེགས་འཛིན་གྱི་ལམ་རྙིང་ལ་ཞུགས་མི་རུང་བར་མ་ཟད། ཁ་ཕྱོགས་བརྗེ་བསྒྱུར་གྱི་ལམ་ལའང་ཞུགས་མི་རུང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་དངོས་སྒྲུབ་རྒྱལ་དར་རྒྱུན་འཁྱོངས་བྱས་ཏེ་དུས་རྣམ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་དགོས། 

རི་རབ་ལེགས་པར་བརྒྱན་ན་ལྗོངས་རྣམ་ལྷག་ཏུ་མཛེས། དེ་རིང་རླབས་ཆེན་མེས་རྒྱལ་འཕེལ་ཞིང་རྒྱས་ལ། མི་དམངས་ཁྲི་དུང་ཕྱུར་གྱིས་ཕུགས་འདུན་སེམས་ལ་ཉར་ཞིང་མཐུན་སྒྲིལ་འབད་འབུངས་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་དུ་བསྐྱོད་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ནང་བཞིན“ང་ཚོ་རང་གི་བགྲོད་ལམ་དུ་བསྐྱོད་ན། ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཡོད་པ་དང་། གཏིང་ཟབ་ཅིང་རྫོང་སྟུག་པའི་ལོ་རྒྱུས་ཀྱི་རྨང་གཞི་ཡོད། སྟོབས་ཀྱིས་ཕྱུག་པའི་མདུན་སྐྱོད་ཀྱི་ངེས་ཤུགས་ཡོད་པ་རེད།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1