སི་ཁྲོན་དཀར་མཛེས་རྫོང་གི་རིམས་འགོག་གཡུལ་ས་རུ་“དང་བླངས་པ་དམར་པོ”ཡི་བཀྲག་མདངས་འཚེར་བ།

འབྲུག་རྒྱལ་མཁར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-19



         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  “ཨ་ནེ། ཁྱེད་རང་གི་ལུས་ཀྱི་དྲོད་ཚད་འཇལ་དུ་འཇུག་རོགས། གལ་སྲིད་རྒྱུན་ལྡན་ཡིན་ཚེ། ང་ཚོས་ཐོ་བཀོད་རྗེས་ཁྱེད་རང་ནང་དུ་སོང་ཆོག  འདི་ནི་སྡེ་ཁུལ་གྱི་མི་ཚང་མར་འགན་འཁུར་བ་ཞིག་རེད།” ཟླ་2ཚེས་17ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྲིད་གཞུང་གི་སྡེ་ཁུལ་གྱི་སྒོ་ཆེན་ཕྱི་རོལ་དུ།  སྟོད་གོས་དམར་པོ་གྱོན་པའི་དང་བླངས་པས་སུན་སྣང་ཅི་ཡང་མེད་པའི་སྒོ་ནས་སྡོད་དམངས་ལ་སོ་སོའི་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་དགོས་པར་ཁ་ཏ་སློབ་གསོ་བྱེད་པ་དང་། དང་བླངས་པའི་བླང་བྱར་སྡོད་དམངས་ཚང་མས་ཀྱང་རང་འགུལ་ངང་རྒྱབ་སྐྱོར་བྱེད་བཞིན་ཡོད།  “སྒོའི་ཕྱི་ལ་འགྲོ་དུས་ངེས་པར་དུ་ཁ་རས་རྒྱག་རོགས། ཕྱིར་ཁྱིམ་ལ་ལོག་སྐབས་ལག་པ་བཀྲུ་བ་དང་དུག་སེལ་བྱེད་དགོས།”ཞེས་གྲོང་མི་ཚོར་ཞིབ་བཤེར་ཚད་ལེན་བྱས་ནས་ཁོ་ཚོ་སྡེ་ཁུལ་ར་ནང་ལ་འཛུལ་དུ་འཇུག་སྐབས། དང་བླངས་པས་ད་དུང་ཁ་ཕྱིར་འཁོར་ནས་དེ་ལྟར་ཁོ་ཚོར་ཁ་ཏ་དང་མངགས་བཅོལ་གནང་བཞིན་ཡོད། 
         མིག་སྔར་ཕྱོགས་སོ་སོ་ནས་རྫོང་དུ་ཕྱིར་ལོག་པའི་མཐོ་རླབས་འཕྱུར་བ་དང་བསྟུན་ནས། དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་སྡེ་ཁུལ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། ཟླ་2ཚེས་13ཉིན། གྲོང་རྡལ་ཏང་ཨུས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ན་གཞོན་དང་བླངས་པ་བསྡུས་ཏེ། གྲོང་རྡལ་ཡོངས་ཀྱི་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པ་རེད། དང་བླངས་པ་བསྡུ་བའི་བརྡ་ཐོ་བཏང་མ་ཐག ཁ་པར་དང་སྐད་འཕྲིན་སོགས་སུ་རེ་ཞུ་བྱེད་མཁན་མང་པོ་བྱུང་ཞིང་། དུས་ཚོད་ཐུང་ངུའི་ནང་རིམས་འགོག་དང་བླངས་པའི་སྐད་འཕྲིན་ཚོགས་པར་མི་བཅུ་ཕྲག་ཁ་ཤས་ལས་བརྒལ་བ་དང་། མི་གཅིག་བོས་ན་མི་བརྒྱས་ཨ་ལན་སྤྲོད་པ་ཞེས་པའི་དང་བླངས་པའི་རང་གཤིས་མངོན་པར་མཚོན་ཐུབ།
         ང་ཡོན་ཧྲི་ཀྲུང་ནན་ཧྲན་དང་འདྲ་བར་ཝུའུ་ཧན་དུ་འགྲོ་མི་ཐུབ་མོད། འོན་ཀྱང་ངས་རིམས་ནད་འགོག་རྒོལ་བྱེད་པར་རང་གི་སྟོབས་ཤུགས་འབུལ་ན་འདོད།” འདི་ནི་དཀར་མཛེས་གྲོང་རྡལ་གྱི་རིམས་འགོག་ན་གཞོན་དང་བླངས་པའི་ཚོགས་པའི་ནང་རོང་ཚ་གྲོང་ཚོ་བཞི་པའི་སློབ་ཆེན་སློབ་མ་དཔལ་ལྡན་སྒྲོལ་མས་བརྗོད་པའི་སྙིང་གཏམ་རེད། “ངས་རྫོང་ཡོངས་ཀྱི་རིམས་འགོག་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་ཕུལ་འདོད།”“ན་གཞོན་མི་རབས་ཀྱི་འགན་འཁྲི་གཡོལ་ཐབས་མེད།” སྐད་འཕྲིན་ཚོགས་པའི་ནང་དཔལ་ལྡན་སྒྲོལ་མ་དང་འདྲ་བར་རིམས་འགོག་གཡུལ་སར་ཞུགས་པར་བརྩོན་པའི་ན་གཞོན་རིམས་འགོག་དང་བླངས་པ་ད་དུང་རྡོ་རྗེའི་འགྲ་འདུལ་དང་། ཚེ་རིང་གཡུང་བྷ། ཉི་མ་གཡང་འཛོམས་སོགས་ཡོད།  ཟླ་2ཚེས་13ཉིན་གྱི་ཕྱི་དྲོའི་བར། གྲོང་རྡལ་དེའི་ནང་དང་བླངས་པར་མིང་ཐོ་འགོད་མཁན་མི་50ལྷག་ཙམ་གྱི་ཁྲོད་ནས་ཐེངས་དང་པོར་དང་བླངས་པ་མི་13བསྡུས་པ་རེད།
དཀར་མཛེས་གྲོང་རྡལ་རིམས་འགོག་ན་གཞོན་དང་བླངས་པ་གྲོང་མིའི་ཁྱིམ་དུ་སོང་ནས་རིམས་འགོག་ལས་དོན་སྤེལ་བ།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དང་བླངས་པ་མང་ཆེ་བ་ནི་སློབ་གྲྭར་འགྲོ་བཞིན་པའི་སློབ་ཆེན་སློབ་མ་ཡིན་པ་དང་། ལས་དོན་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། ཞབས་ཞུའི་རུ་ཁག་གིས་དྲིལ་སྒྲོག་ཚོ་ཆུང་དང་། དུག་སེལ་ཚོ་ཆུང་། དཔྱད་གཞིའི་ཆ་འཕྲིན་ཚོ་ཆུང་། དུད་ཚང་ཞིབ་བཤེར་ཚོ་ཆུང་། སྡེ་ཁུལ་དོ་དམ་ཚོ་ཆུང་། འགན་ནུས་ཚོ་ཆུང་བཅས་སུ་དབྱེ་ནས། གོ་རིམ་ལྡན་པའི་ངང་མི་སྣ་བཀོད་སྒྲིག་བྱས་ཏེ། སྡེ་ཁུལ་གྱི་ལས་དོན་མི་སྣ་དང་མཉམ་དུ་དུད་ཚང་རེ་རེ་བཞིན་རྒྱུས་ལོན་ཞིབ་བཤེར་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག གཞིས་སྡོད་ལོགས་བཀར་མི་སྣ་2000ལྷག་ཙམ་ལ་སེམས་ཁུར་དང་བརྩེ་བ་བསྩལ་ཅིང་། སྡེ་ཁུལ་59ལ་བདག་དམ་དང་དུག་སེལ་བྱེད་པའི་ལས་དོན་སོགས་ལ་གཞོགས་འདེགས་བྱས་པ་རེད།
         སྟོད་གོས་དམར་པོ་ཞེས་འབོད་པའི་ན་གཞོན་དང་བླངས་པ་དེ་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཡུལ་ས་ནས་འགོག་རྒོལ་ལས་དོན་ལ་བརྩོན་པ་སྟེ། སྲང་ལམ་དུ་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། སྡེ་ཁུལ་དུ་དུག་སེལ་བྱེད་པ་སོགས་སེམས་འགུལ་ཐེབས་པའི་སྣང་བརྙན་མང་པོ་ཞིག་དཀར་མཛེས་རྫོང་གི་གྲོང་ཁུལ་གང་སར་མཐོང་ཐུབ་པ་དང་། “དང་བླངས་པ་དམར་པོ”འདི་དག་གིས་རིམས་ནད་སྔོན་འགོག་གི་གཡུལ་ས་རུ། རིམས་ནད་འགོག་རྒོལ་ལ་བརྩོན་པའི་དཀར་མཛེས་ཀྱི་མི་རྣམས་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་སྟོབས་ཤུགས་བསྩལ་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1