ཤ་མོ་དང་མོག་རོ་ནི་ལི་ཐང་རྫོང་དུ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟའ་བཅར་བདེན་དཔང་ཐོབ་པ་ཐོག་མར་གྱུར་པ།

འབྲུག་རྒྱལ་མཁར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-26



    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་2ཚེས་24ཉིན། རྩོམ་པ་པོས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཞིང་འབྲོག་གྲོང་གསེབ་ཅུས་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ལི་ཐང་གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ་ཤ་མོའི་རྟེན་གཞིའི་ཤ་མོ་དང་མོག་རོ་ནག་པོའི་ཞིང་ལས་ཐོན་རྫས་ལ་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཐོན་རྫས་དེ་ལྗང་མདོག་བཟའ་བཅའི་Aརིམ་པའི་ཚད་གཞི་དང་མཐུན་ཞིང་། དེའང་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟའ་བཅའ་ཡིན་པར་བདེན་དཔང་བྱུང་བ་དང་། ལི་ཐང་རྫོང་དུ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟའ་བཅར་བདེན་དཔང་ཐོབ་པའི་ཞིང་ལས་ཐོན་རྫས་དང་པོར་གྱུར་པ་རེད།
ཤིང་སྡོང་གི་སྟེང་དུ་སྐྱེས་པའི་མོག་རོ།
    ལི་ཐང་རྫོང་གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ཁྱད་ཆོས་སྔར་ལས་མངོན་གསལ་ཏུ་གཏོང་བ་དང་། ཤ་མོ་དང་མོག་རོ་ནག་པོའི་ཁྲོམ་རའི་ཁས་ལེན་བྱེད་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཝུའུ་ལེང་ཡའེ་ཚོགས་པ་ཀུང་སིའི་དབུལ་སྐྱོར་ལས་བྱེད་པས་མཉམ་ལས་ཁང་གི་ཚོགས་པའི་སྣེ་ཁྲིད་དེ། 2019ལོའི་ཟླ་5པ་ནས་བཟུང་། སི་ཁྲོན་ཞིང་ཆེན་དང་། དཀར་མཛེས་ཁུལ། ལི་ཐང་རྫོང་བཅས་ཀྱི་ཞིང་ལས་གཙོ་བདག་ལས་ཁུངས་ལ་བློ་འདྲི་བ་དང་འབྲེལ་བ་བྱས་ཏེ། ཕྱོགས་གསུམ་གྱི་ཆེད་ལས་ལས་ཁུངས་ཀྱིས་རོགས་སྐྱོར་ཐོན་རྫས་དེ་ས་རྒྱུ་དང་ཆུ་ཁུངས་སོགས་ནས་བཟའ་བཅར་འགྱུར་བའི་གོ་རིམ་ཡོངས་ལ་མ་དཔེའི་ཞིབ་བཤེར་བྱས་པ་བརྒྱུད། མཇུག་མཐར་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུའུ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་སྤྲད་པའི་ལྗང་མདོག་བཟའ་བཅའི་དཔང་ཡིག་ཐོབ་པ་རེད།
ཤ་མོ་རྟེན་གཞིའི་ཟུར་ཞིག
    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་འདིའི་ཤ་མོའི་རྟེན་གཞི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཙམ་གྱི་མཚམས་སུ་ཡོད་ཅིང་། ཤ་མོའི་ལོའི་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད་2700ལྷག་ཙམ་ཟིན་ཡོད། འཚར་སྐྱེའི་བརྒྱུད་རིམ་ནང་ཞིང་སྨན་མི་རྒྱག་པ་དང་། ལུད་དང་སྐུལ་རྒྱུ་སོགས་མི་རྒྱག་ལ། མ་བཅོས་རྒྱུ་ཆ་ཚང་མ་ལི་ཐང་གི་གདོད་མའི་ནགས་ཚལ་སྔོ་གདང་ཤིང་གི་ཤིང་གཞོག་དང་སྤུས་ལེགས་གྲོ་ཤུན་སོགས་མ་བཅོས་རྒྱུ་ཆའི་ཁུག་མས་གསོ་སྤེལ་བྱས་ནས་གྲུབ་པ་ཡིན། དེའི་མེ་ཏོག་གི་གང་བུ་ཆེ་བ་དང་། ཤ་མོ་མཐུག་ལ་རྩེ་མོའི་ངོས་སུ་རི་མོའི་རྣམ་པ་རང་བྱུང་དུ་གྲུབ་པས་མིང་དུ་གྲགས་པ་རེད། དེའི་ནང་དུ་ཚད་ཉུང་ཙམ་འདུས་པའི་རྫས་འགྱུར་གཞི་རྒྱུ་ལ་ཅཱ་དང་། རྨེ། ཏི་ཚ་བཅས་ཡོད་ལ། གཞི་རྒྱུ་དེ་དག་གི་འདུས་ཚད་ནི་3945.5 mg/kgདང་180.4 mg/kg དང་།11.41mg/kgབཅས་ཡིན་ལ། དེ་དག་ནི་བདེ་ཐང་ས་ཁུལ་གྱི་དེ་དང་རིགས་གཅིག་པའི་ཤ་མོའི་ཐོན་རྫས་ལས་སོ་སོ་འདུས་ཚད་49%དང་། 48%དང་། 36%བཅས་ཀྱིས་མཐོ་བ་ཡོད་པས། ཤ་མོའི་ནང་གི་ཡག་ཤོས་དེ་ཆགས་ཡོད།
    རྟེན་གཞིའི་ཐོན་རྫས་ཏེ་བོད་ཀྱི་མོག་རོ་ནི་ལི་ཐང་རྫོང་མོ་ལ་སྨད་པ་ཤང་གི་གདོད་མའི་ནགས་ཚལ་གྱི་སྔོ་རྐང་ཤིང་གི་ཐོག་ཏུ་སྐྱེ་བ་དང་། དེའི་ཁོར་ཡུག་གི་ལོ་རེའི་ཆ་སྙོམས་དྲོད་ཚད་3oCཡིན་ལ། ཉི་འོད་ཕོག་ཡུན་རིང་བ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། ལོའི་ཆར་བ་འབབ་ཚད་ཧའོ་སྨི་650ཡས་མས་ཟིན་ཡོད། སྐྱེ་འཚར་གྱི་བརྒྱུད་རིམ་ནང་ལུད་མི་འཇོག་པ་དང་སྨན་མི་རྒྱག་པ། དེའི་སྐྱེ་འཚར་གྱི་དུས་འཁོར་ནི་སྲོལ་རྒྱུན་གྱི་མོག་རོ་ལས་ལྡབ་ཁ་ཤས་ཀྱིས་དལ་བ་ཡོད་ཅིང་། དེའི་རྐྱེན་གྱིས་བོད་ཀྱི་མོག་རོ་ལ་ཉི་འོད་ཕོག་པའི་དུས་ཚོད་རིང་བ་དང་འཚོ་བཅུད་མང་པོ་བསྡུ་ལེན་བྱས་པས། ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དེ་ལས་མོག་རོའི་ཚད་མཐོ་བའི་སྤུས་ཀ་ལེགས་པར་གྲུབ་པ་རེད། མོག་རོ་དེའི་བོངས་ཚད་ཆུང་བ་དང་། གསལ་ཚད་མཐོ་ལ་བྲོ་བ་འཇམ། ཨན་རྨང་སྐྱུར་དང་སྤྲི་དཀར་རྫས་ཀྱི་འདུས་ཚད་མཐོ་པོ་ཡོད།
རྟེན་གཞིའི་ལས་བཟོ་བས་ཤ་མོའི་རིགས་དགར་བཞིན་པ།
    ལི་ཐང་རྫོང་ཤ་མོའི་རྟེན་གཞི་ནི་ལི་ཐང་རྫོང་སྲིད་གཞུང་དང་། ཝུའུ་ལེང་ཡའེ་ཚོགས་པ། དཀར་མཛེས་ཁུལ་ལེའུ་ཡའེ་ཀུང་སི་བཅས་དང་། དེ་བཞིན་མོ་ལ་སྨད་མ་ཤང་མ་ཡན་གོང་མ་གྲོང་ཚོའི་ཆེད་དོན་མཉམ་ལས་ཁང་བཅས་ཀྱིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། ཤ་མོ་གསར་པ་དང་ཤ་མོ་སྐམ་པོ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་བཞིན་ཡོད། རྒྱ་ཁྱོན་ལ་ས་མུའུ་42ཟིན་པ་དང་། མིག་སྔར་ཤ་མོའི་སྐྱེ་འཚར་ཐོན་སྐྱེད་འཁོར་ཁང་དང་། མཐོ་གནོན་འབུ་སེལ་ཁྲོ་ཐབ། སྲོ་སྐམ་འཕྲུལ་ཆས། གྲང་ཉར་ཁང་སོགས་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་དང་སྒྲིག་བཀོད་བཟོས་ཡོད་པ་རེད། ཤ་མོ་གསོ་སྤེལ་འགྱིག་ཁང་དང་ཤ་མོ་ཕྱིར་འདོན་འགྱིག་ཁང་300ཡོད་པ་དང་། ཤ་མོའི་འགྱིག་ཁང་རེར་ཤ་མོའི་ཁུག་མ་2000འཇོག་ཐུབ། ལོ་རེར་ཤ་མོ་སྒྱེ་མོ་ཁྲི་60ཐོན་སྐྱེད་བྱས་པའི་ཐོན་ཚད་རྒྱ་མ་ཁྲི་120དང་། ཐོན་སྐྱེད་རིན་ཐང་བྱེ་བ་ལ་ཉེ་བ་ཡོད། ཤ་མོ་རྟེན་གཞིར་ལོ་ལྟར་ངལ་རྩོལ་ལས་ཞུགས་ཀྱི་ལས་གནས་60ནས་90བར་(དུས་ཚིགས་རང་བཞིན་གྱི་ལས་མི་ཚུད་པ།)མཁོ་འདོན་ཐུབ་ཀྱི་ཡོད་པ་དང་། རྟེན་གཞིར་ལས་ཞུགས་བྱས་པའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་3.6ཟིན་ཡོད།
གཡོན་གྱི་པར་ནི་མོག་རོའི་ཆོག་མཆན་དཔག་ཡིག་དང་གཡས་ཀྱི་པར་ནི་ཤ་མོའི་ཆོག་མཆན་དཔང་ཡིག་རེད།
    2016ལོར་མོ་ལ་སྨད་མ་ཤང་མ་ཡན་གོང་མ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོས་གྲོང་མི་ཁག་གཅིག་གི་སྣེ་ཁྲིད་དེ་ལི་ཐང་རྫོང་མོ་ལ་སྨད་མ་ཤང་མ་ཡན་གྲོང་ཚོའི་ཞིང་ཞོར་ཐོན་རྫས་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ལོ་མང་རིང་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད། 2019ལོར་ས་མུའུ་30ལྷག་ཙམ་བརྒྱུད་བཤུག་བྱས་པ་དང་། མོག་རོའི་གཞི་ཁྱོན་པང་ཁྲི་10ལ་སླེབས་ཡོད། ལོའི་ཐོན་ཚད་རྒྱ་མ་ཁྲི་1ལྷག་ཙམ་ཟིན་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་200ལྷག་ཙམ་ཡོད། ངལ་རྩོལ་ལས་ཞུགས་པ་མི་40ལྷག་ཙམ་ཡོད་ལ། ལོ་རེའི་གླ་ཆ་སྤྲོད་ཚད་སྒོར་ཁྲི་60ལྷག་ཙམ་ཟིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1