དཀར་མཛེས་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

དབྱངས་ཅན་དང་ཀུན་དགས་བསྡུས་ཏེ་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-06


རང་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

རྟའུ་ཡིས་རིམས་ནད་འགོག་བཅོས་དང་དཔྱིད་རྨོད་གྲ་སྒྲིག་ལས་ཀ་མཉམ་སྤེལ་བྱས།

    སྤྱི་ཟླ3པ་ཤར་རྗེས་མཚོ་འཕགས་སྨི3000ལྷག་ཡོད་པའི་རྟའུ་རྫོང་གིས་ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀ་ཡག་པོ་འཛིན་པ་དང་། ཕྱོགས་གཞན་ཞིག་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་འབྲེལ་ཡོད་ལས་ཀ་སྒྲུབ་འགོ་བཙུགས་པ་རེད།

སྤྱི་ཟླ3པའི་ཚེས2ཉིན། གསར་འགོད་པ་རྟའུ་རྫོང་གི་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གི་ཁྱབ་ཁོངས་སུ་ཡོད་པའི་ཁུག་ཆ་ཡུལ་ཤོག་ལུང་ཕུག་གྲོང་སྡེར་ཕྱིན།  དེ་རིང་ལས་རེས་བྱེད་མཁན་རྩྭ་ཐང་དོ་དམ་པ་ཉི་མ་ཡིན་པས་ཁོ་ཚོའི་ཚོ་ཆུང་གིས་དུག་སེལ་དང་དངོས་རྫས་སྐྱེལ་འདྲེན་བྱེད་པའི་འགན་འཁུར་དགོས། ཞོགས་པ་སྔ་མོར་ཉི་མ་དང་རོགས་པ་འཇམ་ཚེ་གཉིས་བྲེལ་བ་ཆེ་བ་རེད། ལུང་ཕུག་གྲོང་སྡེར་དུད་ཚང36གི་མི་གྲངས160ལས་མེད་ཀྱང་ཁོ་ཚོའི་སྡོད་གནས་ཐ་ཐོར་ཡིན་ལ། ཁྱད་པར་དུ་དུད་ཚང་འགའ་རི་ཁུག་ཏུ་ཆགས་པས་ཁོ་ཚོའི་ཁྱིམ་དུ་ཐེངས་རེར་འགྲོ་དགོས་ན་ལས་སླ་མོ་ཞིག་མིན། རེད་དེ་ཉིན་རེར་ཐེངས་རེ་མི་འགྲོ་ཐབས་མེད་རེད།

    གྲོང་སྡེའི་ལས་བྱེད་པས་སེམས་ཤུགས་གཅིག་བསྒྲིམ་གྱིས་གྲོང་སྡེའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀ་ཡག་པོ་བསྒྲུབས་པ་དང་ཆབས་ཅིག  ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག འཚོ་བའི་སྤྱོད་ཆས་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དངོས་རྫས་སྐྱེལ་འདྲེན་བྱས་ནས། གྲོང་མི་ཚོ་བློ་བདེ་པོའི་ངང་ཁྱིམ་དུ་སྡོད་དེ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀ་སྒྲུབ་ཆོག་པ་རེད། འཚོ་བའི་གནད་དོན་ཐག་བཅོད་བྱས་ཟིན་རྗེས་ཐོན་སྐྱེད་ཀྱི་ལས་ཀ་གང་ལྟར་བསྒྲུབ་དགོས་རེད་ཅེ་ན། ལུང་ཕུག་གྲོང་སྡེ་ནི་ཞིང་མ་འབྲོག་གི་གྲོང་སྡེ་ཞིག་ཡིན། གྲོང་མི་འགའ་ཞིག་གི་ཁྱིམ་དུ་ནོར་ཟོག་དང་རྟ་གསོ་ཚགས་བྱས་ནས་གྲོང་མི་ཚོ་སྒོ་ཕྱིར་འགྲོ་ཐབས་མེད་སྟབས།  གྲོང་སྡེའི་འགན་འཁྲི་བཞིའི་ལས་བྱེད་པ་བློ་བཟང་སྙན་གྲགས་ནི་ཟླ་བ་འདིའི་རྟ་དང་ནོར་ཟོག་དོ་དམ་བྱེད་མཁན་དུ་གྱུར་པ་རེད།

   ཉིན་རེའི་ཞོགས་པའི་ཆུ་ཚོད་བདུན་ལྷག་ཙམ་ལ་སྒོ་ཕྱིར་ཐོན་རྗེས་ཟོག་དང་རྟ་རྫི་བྱེད་སར་ཕྱིན་ནས། ཉི་རེར་ཐེངས་གཉིས་རེ་དང་ཐེངས་རེར་ཆུ་ཚོད་གཅིག་ལྷག་ལ་འགྲོ་དགོས་ཀྱི་ཡོད་པས་དཀའ་ལས་ཧ་ཅང་ཆེ་བ་རེད།ཡིན་ནའང་བློ་བཟང་སྙན་གྲགས་ཁོང་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་གནས་ཚུལ་འདི་འདྲའི་འོག་ཁོ་རང་གིས་དཀའ་ལས་ལ་མི་འཛེམས་ནས་ནུས་པ་གང་ཡོད་འདོན་པ་རེད། ཁོས་ད་རུང་མ་སྐུལ་དང་བླངས་ཀྱིས་ཞབས་འདེབས་མ་དངུལ་སྒོར1100ཕུལ་བ་རེད།

    དེ་བཞིན་དུད་ཚང་རེ་རེ་བཞིན་དུ་ཕྱིན་ནས་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་གྲོང་པ་ཚོས་དཔྱིད་རྨོད་དང་དཔྱིད་རྨོད་གྲ་སྒྲིག་ལས་ཀ་སྤེལ་བར་དཀའ་ངལ་གང་དག་ཡོད་པའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད་པའི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་ཐར་མོ་ཁོམ་དུས་ཤིག་མེད་པ་རེད། རིམས་ཚུལ་འཇགས་རྗེས་ལུང་ཕུག་གྲོང་སྡེས་ཆུ་ཚན་ཐོན་ཁུངས་འབེལ་པོ་ཡིན་པར་བརྟེན་ནས་ཡུལ་སྐོར་ཐོན་ལས་སྤེལ་རྩིས་ཀྱང་ཡོད་པ་རེད།

རང་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

  ལྕགས་ཟམ་རྫོང་དུ་པད་ཁའི་མེ་ཏོག་རྣམ་པར་བཞད།

   ལྕགས་ཟམ་རྫོང་གིས་ཞིང་ལས་དངོས་རྫས་ཚོང་གཉེར་བྱེད་སྟངས་སྟབས་བདེ་བྱས་ཤིང་ཁྱེར་འཕྲིན་ཐོག་ནས་མ་དངུལ་གཏོང་སྤྲོད་བྱེད་ཚུལ་ཁྱབ་སྤེལ་གཏང་རྒྱུ་ཁྲིད་སྟོན་བྱས་ནས་དངོས་རྫས་ཁྱིམ་དུད་ལ་སྐྱེལ་བའི་ཞབས་ཕྱི་བསྒྲུབས་པ་དང་ཆབས་ཅིག ཞིང་སྤྱོད་དངོས་རྫས་ཞིབ་བཤེར་ནན་པོ་བྱས་པ་དང་ཞིང་སྤྱོད་དངོས་རྫས་ཚོང་གཉེར་བྱེད་ས་གྲ་སྒྲིག་ཡག་པོ་བྱས་ཡོད་མེད་ལ་ལྟ་ཞིབ་བྱས་ནས། ཚོང་གཉེར་བྱེད་ཚུལ་དང་། རིན་གོང་། ཡོང་སྒོ་དང་འགྲོ་སོང་སོགས་ཀྱི་རྩིས་ཁྲར་ལྟ་ཞིབ་ཞིབ་ཕྲ་བྱས་པ་རེད།

ལྕགས་ཟམ་རྫོང་གིས་ཞིང་པའི་དུད་ཚང་ལ་ཞིང་སྤྱོད་དངོས་རྫས་དབྱེ་འབྱེད་བྱེད་ཚུལ་གྱི་རྒྱུན་མཁོའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ལ་སེམས་ཤུགས་གཅིག་བསྒྲིམ་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་དུས་སྐབས་ཀྱི་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་བྱ་རྒྱུ་དང་དཔྱིད་རྨོད་ལས་ཀ་ཉེན་མེད་ཡོང་བར་འགན་ལེན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

  འདབ་པའི་འདེབས་གསོའི་རྟེན་གཞིར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས།

    འདབ་པ་ཉི་སྟེན་ས་གཙང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དེ་འདབ་པ་རྫོང་འདམ་འགོ་སྨད་གྲོང་སྡེར་ཡོད་ཅིང་།  རྫོང་གྲོང་དང་བར་ཐག་སྤྱི་ལེ་ལྔ་ལས་ཟིན་གྱི་མེད་པ་དང་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ5333.33ཡིན་པ་དང་། ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དེ2019ལོའི་སྤྱི་ཟླ4པར་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། དེར་རིག་ནུས་ཉི་འོད་དྲོད་ཁང་ཐོག་ཁང་གཉིས་དང་ཐོན་སྐྱེད་རྣམ་པའི་དྲོད་ཁང་གཅིག་བསྐྲུན་ཡོད།

ཉིན་འདི་གཉིས་རིང་ལ་གསར་འགོད་པ་དྲོད་ཁང་དུ་བསྐྱོད་སྐབས་མིག་ལམ་དུ་མཐོང་བ་ནི་ལྡུམ་སྒོང་དང་འབྲི་ཏ་ས་འཛིན་སོགས་ཀྱི་སྐྱེ་ཚུལ་དགའ་འོས་པ་དེ་ཡིན་ཞིང་།    སྐབས་དེར་གྲོང་མི་གཡང་སྐྱིད་ཀྱང་འབྲི་ཏ་ས་འཛིན་ཆུང་ཆུང་དེ་དག་ལ་ལྟ་བཞིན་འདུག་པས་དེ་ནི་གཡང་སྐྱིད་ཀྱི་འཚོ་བ་སྐྱེལ་ཡུལ་ཡིན་པར་མ་ཟད་ད་དུང་འདམ་འགོ་སྨད་གྲོང་མི་ཚོས་གཞན་ཡུལ་དུ་གླ་རྒྱག་སར་འགྲོ་མི་དགོས་པར་ཡོང་འབབ་འཕར་ཐབས་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པ་རེད།  གླིང་ཁུལ་གྱི་འགན་འཁུར་བས་གསར་འགོད་པར། དེ་གར་ལས་མི་སྤྱད་རྒྱུ་ཚང་མ་འདམ་འགོ་སྨན་གྲོང་སྡེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ནས་ཡིན་པ་དང་ཉིན་ལྟར་ཡོང་འབབ་སྒོར100ལྷག་ཙམ་རག་གིན་ཡོད། གྲོང་ཁུལ་དང་བར་ཐག་ཅུང་ཉེ་བའི་དབང་གིས་ལྟ་སྐོར་དང་སིལ་ཏོག་འཐུ་བར་མྱོང་རོལ། སིལ་ཏོག་ཟ་བ་བཅས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྲིམ་འགྲུལ་དང་ས་བབ་ཀྱི་ལེགས་ཆ་ཧ་ཅང་ཡག་པོ་ཡོད་པས་མདུན་ལམ་ཧ་ཅང་ཡག་པོ་ཡོད་ཅེས་བཤད་པ་རེད།

རང་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

   བརྒྱད་ཟིལ་རྫོང་གི་ཞིང་མུ་ཁར་བྲེལ་ཟིང་ཆེ།

   ཡང་ལོ་གཅིག་གི་དཔྱིད་རྨོད་དུས་ཚིགས་ལ་བསླེབས་ཡོད་པས་བརྒྱད་ཟིལ་རྫོང་གི་ཡུལ་ཤོག་གྲོང་རྡལ་ཁག་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཐོག་དེ་གའི་ཞིང་པ་སྒྲིག་འཛུགས་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་པ་རེད།

   ཆར་བ་བབས་ཏེ་རྩྭ་རྩི་ཤིང་གི་མྱུ་གུ་འབུས། བརྒྱད་ཟིལ་རྫོང་ཡུལ་ཤོག་གྲོང་རྡལ་ཁག་གི་ཞིང་པ་མང་ཚོགས་ཀྱིས་ཞིང་ལས་ཡོ་བྱད་བསྡུ་གསོག་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གྲ་སྒྲིག་ཡག་པོ་བྱས་པས་མ་ཚད་ས་ཁོད་སྙོམས་པོར་བྱེད་པ་དང་ཞིང་སར་ལུད་རྒྱག་གིན་ཡོད། རྫོང་དེའི་ཡོན་ཏན་གྲོང་རྡལ་གྱི་གྲོང་མི་ཚོས་ཀྱང་ཞིང་ནང་དུ་ཞིང་ལས་བྱེད་ཀྱི་ཡོད་པས་གྲོང་མི་ལི་ཐེན་མིན་གྱིས་གསར་འགོད་པར་ད་ཆ་ང་ཚོས་དཔྱིད་རྨོད་ཐོན་སྐྱེད་ཀྱི་རྨོད་གྲབས་ལས་དོན་སྤེལ་བཞིན་ཡོད་པས་ང་ཚོས་འདི་ལོ་དཔྱིད་རྨོད་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།

   རྫོང་དེའི་ཡོན་ཏན་གྲོང་རྡལ་ཆིང་ཕིང་ཞིང་ལུད་བརྒྱུད་འཚོང་པུའུ་རུ་དཔྱིད་རྨོད་ལ་མཁོ་བའི་ས་བོན་དང་རྫས་ལུད། འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་གང་དགོས་ཚང་མ་ཡོད་པས་ཞིང་འབྲོག་མང་ཚོགས་རྣམས་འདི་ནར་ཡོང་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་བློ་འདྲི་དང་ཉོ་སྒྲུབ་བྱེད་ཀྱིན་ཡོད་པ་རེད།

    སྦྱིན་བདག་ཀྲང་ཀུའེ་དབྱིང་གིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་སྣ་ཚོགས་ཀྱི་སྤྱོད་ཡུལ་དང་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱེད་ཞོར་དུ་དངོས་ཟོག་རླངས་འཁོར་ནང་བླུག་རོགས་བྱས་པ་རེད། ཁོང་གིས་གསར་འགོད་པར“དངོས་ཟོག་དེ་དག་ཉིན་ཤས་རིང་མན་ཉིང་རྫོང་ལུའུ་ཀུའུ་གྲོང་རྡལ་ནས་དབོར་ཡོང་བ་ཤ་སྟག་ཡིན་པས་དངོས་ཟོག་ཡོང་ཁུངས་འདང་ངེས་དང་རིན་གོང་བརྟན་པོ་ཡོད། ཉེ་འཁོར་གྱི་གྲོང་མིའི་དངོས་ཟོག་ཉོ་བའི་དགོས་མཁོར་ཁག་ཐེག་བྱེད་ཐུབ་ཅེས་བཤད།

ཉག་ཆུ་རྫོང་གི་དཔྱིད་རྨོད་དངོས་རྫས་མཁོ་སྤྲོད་འདང་ངེས་ཡིན།

“ལོ་གཅིག་གི་འཆར་གཞི་དཔྱིད་ཀར་ཐུག”ཅེས་པར་ལྟར་ད་ལྟ་དཔྱིད་རྨོད་ཀྱི་དུས་སུ་སླེབས་པས་ཉག་ཆུ་རྫོང་གིས་རིམས་ནད་མཉམ་འགོག་མཉམ་བཅོས་ཡག་པོ་བྱེད་པ་དང་ཆབས་ཅིག་ཞིང་འབྲེལ་སྡེ་ཚན་གྱིས་དཔྱིད་རྨོད་ཞིང་སྤྱོད་དངོས་རྫས་དུས་ཐོག་ཏུ་གྲབས་གསོག་བྱས་པ་དང་འབྲེལ་དུས་བགོས་ཁག་བགོས་ཀྱིས་རྫོང་ཡོངས་ཀྱི་གྲོང་ཚོ་དང་ཚོ་ཆུང་ཁག་གི་ཞིང་ལས་དངོས་རྫས་ཉོ་སྒྲུབ་ཁག་ཐེག་བྱས་ནས་ཞིང་ལས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

འདི་ལོའི་དམིགས་བསལ་གྱི་དཔྱིད་འགོའི་དུས་ཚིགས་སུ་ཉག་ཆུ་རྫོང་གི་ཞིང་སྤྱོད་དངོས་རྫས་ཕྱིར་ཚོང་ས་ཚུགས་སུ་དེ་སྔའི་ལོ་འགའ་ལྟར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འཁྲུག་ཆ་དོད་པའི་རྣམ་པ་མེད་པ་དང་། མི་ཉུང་ཤས་ཤིག་ཡོད་ཀྱང་ཁོ་ཚོས“ཏང་ཡོན་ཞབས་ཞུ་རུ་ཁག”གི་དཔུང་རྟགས་འཁྱེར་བའི་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚོས་སྔོན་ལ་གྲ་སྒྲིག་བྱས་པའི་དུད་ཚང་རེའི་གྲོང་མིའི་ཞིང་སྤྱོད་དངོས་རྫས་ཉོ་སྒྲུབ་ཀྱི་གསལ་ཐོ་བཏོན་ནས་གོང་ནས་བྲིས་པའི་ཞིང་སྤྱོད་དངོས་རྫས་སྣ་ཚོགས་རེ་རེ་བཞིན་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་རེད།

འདི་ལོའི་དཔྱིད་ཀར་ད་ཆའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་ལ་དམིགས་ཏེ་དཔྱིད་རྨོད་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཉག་ཆུ་རྫོང་གི་གྲོང་ཚོ་ཁག་གིས“ཏང་ཡོན་གྱི་ཞབས་ཞུའི་རུ་ཁག”བཙུགས་པ་དང་། ཁོང་ཚོས་གྲོང་མི་ཚོར་མཁོ་བའི་ཞིང་སྤྱོད་དངོས་རྫས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་པ་དང་། གྲོང་ཚོར་ཕྱིར་ལོག་རྗེས་གཅིག་གྱུར་ཐོག་སྤྲད་དེ་གྲོང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་རྨོད་ཐོན་སྐྱེད་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བ་མངོན་འགྱུར་བྱུང་ཡོད།

   འདི་ལོར་ཉག་ཆུ་རྫོང་གི་ཞིང་སྤྱོད་དངོས་རྫས་ཕྱིར་ཚོང་ས་ཚུགས་ཀྱིས་ས་བོན་སྣ་ཚོགས་ཏུན18དང་ཞིང་སྨན་ཏུན1 ལུད་ཏུན19 ཞིང་སྤྱོད་འགྱིག་ཤོག་ཏུན24བཅས་སྔ་སྣུར་དུ་གྲབས་གསོག་བྱས་པ་དང་དེ་མིན་དཔྱིད་རྨོད་ཐོན་སྐྱེད་ཀྱི་དངོས་རྫས་ཀྱང་འདང་ངེས་མཁོ་འདོན་བྱས་ཡོད་པ་རེད།

རང་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

ཉག་རོང་རྫོང་གིས་དཔྱིད་རྨོད་ལས་ཀ་ཕྱིར་འགྱངས་མི་ཐེབས་པར་ཁག་ཐེག་བྱས།

    ཉག་རོང་རྫོང་གི་གོང་འོག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་པ་རེད།

རྫོང་དེའི་ཞི་བདེ་ཡུལ་ཤོག་འབའ་ཤོད་གྲོང་སྡེའི་ཨུ་ལྷན་གྱི་ཀྲུའུ་རེན་གོ་ཡུང་གིས “ད་ཆ་རིམས་ནད་ད་དུང་འཇགས་མེད་མོད། འོན་ཀྱང་ང་ཚོའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་ཚིགས་བསླེབས་ཡོད་པས་ང་ཚོས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དཔྱིད་རྨོད་ལས་ཀར་གྲ་སྒྲིག་གང་ལེགས་བྱ་དགོས།     གྲོང་མི་ཚོས་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱ་ཐབས་སྤྱད་དེ་སྲིད་ཇུས་བེད་སྤྱོད་ལུགས་མཐུན་བྱེད་པ་དང་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དཔྱིད་རྨོད་ཐོན་སྐྱེད་ལ་འགན་ལེན་བྱ་དགོས་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉག་རོང་རྫོང་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་ཏུ་སྔ་ཙམ་འཆར་འགོད་དང་སྔ་ཙམ་བཀོད་སྒྲིག སྔ་ཙམ་གསོག་འཇོག་བཅས་བྱས་ནས་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་ཧུར་ཐག་སྤེལ་ཞིང་། འདི་ལོ་རྫོང་དེས་ཁྲོམ་རའི་དགོས་མཁོ་དང་ཐོན་ལས་ཀྱི་རྨང་གཞིར་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་ལམ་བུའི་ཐོག་བསྐྱོད་པ། ཞིང་ལས་དང་ཞིང་ལས་ཀྱི་གནས་ཚུལ། ཞིང་ལས་ཀྱི་ལས་དོན་ལ་འཐུས་ཤོར་མི་གཏོང་བ་བཅས་བྱས་ཏེ་འབྱོར་འབྲིང་གི་ལོར་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཆེན་པོ་ཡོང་བའི་འགན་ལེན་བྱས་ནས་མི་སེར་ཚོས་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་ཧུར་བརྩོན་བྱ་རྒྱུ་ཡིན་པ་རེད།

རང་ཁུལ་གྱི་ས་གནས་སོ་སོས་རིམས་འགོག་དང་དཔྱིད་རྨོད་ལས་ཀ་དམ་འཛིན་ལྷོད་མེད་བྱས།

   དཔྱིད་དུས་ཀྱི་དར་མདོར་རིམས་འགོག་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུ་གཉིས་ཀར་བྲེལ།

   དར་མདོར་དཔྱིད་ཀྱི་དཔལ་ཡོན་རྒྱས་དུས་རྒྱུ་ལའི་ཤར་རྒྱུད་ས་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཡུལ་ཤོག་དང་གྲོང་རྡལ་སོ་སོར་མེ་ཏོག་རྣམ་པ་སྣ་ཚོགས་བཞད་བཞིན་པ་དང་།  ག་ས་གར་གསོན་ཉམས་ལྡན་ཞིང་ལས་འགོ་བསྐྱར་འཛུགས་བྱེད་པའི་རྣམ་པ་མངོན་ཐུབ་པ་རེད།

   སི་ཁྲོན་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཚུབ་བསྟུན་དང་ཞུའི་རིམ་པ་དེ་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་རིམ་པ་དང་པོའི་འཚུབ་བསྟུན་དང་ཞུ་ནས་རིམ་པ་གཉིས་པའི་འཚུབ་བསྟུན་དང་ཞུ་རུ་ཕབ་རྗེས། དར་མདོ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གཉིས་ཕན་ཡོང་བར་འབད་བརྩོན་ཧུར་ཐག་བྱས། སྐྱིད་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་དབྱང་ལུང་མིང་གིས་གསར་འགོད་པར་ང་ཚོས་ཆུ་འདུ་ཁ་ནས་འདིའི་བར་དུ་མེ་ཏོག་གི་གླིང་ཁ་ཞིག་བསྐྲུན་ནས། རྗེས་མའི་གྲོང་སྡེ་དར་རྒྱས་གཏོང་བར་རྨང་གཞི་འདིང་རྒྱུ་དང་། ང་ཚོས་ས་སྟོང་མུའུ4.5བེད་སྤྱོད་བཏང་ནས་གཙོ་དོན་སྤྱི་གླིང་འདི་བསྐྲུན་གང་ཐུབ་བྱ་རྒྱུ་ཡིན། འདི་ང་ཚོ་སྐྱིད་ཐང་གྲོང་རྡལ་གྱི་ཁ་ངོ་ཡིན་ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  དར་མདོ་གྲོང་ཁྱེར་གྱི་ཏོག་གསར་རིམས་ནད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བླང་བྱ་ལྟར། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་ལས་དོན་དེ་ལས་འགོ་བསྐྱར་འཛུགས་བྱེད་པའི་རེ་ཞུ་དང་། ཞིབ་བཤེར་ཆོག་མཆན་དང་ཞིབ་རྩིས་གཏན་འབེབས། ཡུལ་དངོས་བསྐྱར་བཤེར། འགན་འཁྲིའི་ཡི་གེ་འཇོག་པ་བཅས་བྱས་རྗེས། ད་གཟོད་རྒྱུན་ལྡན་ལྟར་ཨར་ལས་སྒྲུབ་ཆོག  ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་བྱ་རྒྱུ་ཁག་ཐེག་བྱེད་ཐུབ་པ་དང་ཆབས་ཅིག རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀ་དམ་འཛིན་ནུས་ལྡན་བྱེད་པར་ཁག་ཐེག་བྱེད་ཐུབ་པ་རེད།།     



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1