གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

སྙིང་མོ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༠ཉིན།

༄༅།། དགའ་ལྡན་ཕོ་བྲང་གི་སྐབས་སུ་བོད་ཀྱི་སྐར་རྩིས་རིག་པར་དར་རྒྱས་བྱུང་ཚུལ་རགས་གླེང་།


སྙིང་མོ་རྒྱལ།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་བོད་ཀྱི་སྐར་རྩིས་རིག་པར་འཕེལ་རྒྱས་ཆེན་པོ་བྱུང་ཚུལ་གླེང་ཡོད་དེ། སྐབས་དེར་བོད་མདོ་དབུས་ཁམས་གསུམ་དུ་དུས་འཁོར་ལུགས་ཀྱི་སྐར་རྩིས་དར་ཁྱབ་ཆེན་པོ་བྱུང་ཚུལ་དང་། རྒྱ་རྩིས་བོད་དུ་བསྒྱུར་སྤེལ་བྱས་ཚུལ། བོད་ཀྱི་དགོན་སྡེ་ཁག་གཅིག་ཏུ་སྐར་རྩིས་འཆད་ཉན་དང་ལག་ལེན་བྱེད་སའི་ཚན་ཁག་ཆེད་དུ་བཙུགས་ཡོད་ཚུལ་སོགས་ཀྱི་ཐད་ནས་གླེང་བརྗོད་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] མཚུར་ལུགས། ཕུག་ལུགས། མྱོང་རྩིས། རྒྱ་རྩིས། དགའ་ལྡན་ཕོ་བྲང་གི་དུས། འཕེལ་རྒྱས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] P194[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03 -109-09   
         སྐར་རྩིས་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོའི་གྲས་ཤིག་ཡིན་ལ། དེ་ནི་བོད་རང་ས་ནས་དར་བའི་གནམ་དཔྱད་དུས་བརྟག་གི་རྩིས་དང་འབྱུང་བ་དུས་ཀྱི་འཁོར་ལོ་སོགས་ཀྱི་རྨང་གཞིའི་སྟེང་། དུས་རབས་བཅུ་གཅིག་པར་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱི་སྐར་རྩིས་དང་། དུས་རབས་བཅོ་བརྒྱད་པར་རྒྱ་ནག་ནས་དར་བའི་“ཧྲིས་ཞན་ལིས་”སོགས་ཀྱི་ལེགས་ཆ་སྡུད་ལེན་བྱས་ནས་དར་རྒྱས་བྱུང་བ་ཞིག་རེད། བོད་ཀྱི་ཆོས་སྲིད་ལོ་རྒྱུས་དང་འབྲེལ་ནས་བོད་ཀྱི་སྐར་རྩིས་རིག་པའི་བྱུང་འཕེལ་ལ་དཔྱད་ན། དགའ་ལྡན་ཕོ་བྲང་གི་དུས་སྐབས་ནི་བོད་ཀྱི་སྐར་རྩིས་འཆད་ཉན་དང་ལག་ལེན་གང་ཅིའི་ཐད་ནས་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་པའི་དུས་སྐབས་ཤིག་ཏུ་འདོད། འདིར་དུས་སྐབས་དེར་བོད་ཀྱི་སྐར་རྩིས་རིག་པ་ཡར་རྒྱས་གོང་འཕེལ་སོང་ཚུལ་ཕྱོགས་བཞིར་བསྡུས་ནས་བཤད་ན་འདི་ལྟར།
དང་པོ།  མཚུར་ཕུག་ལུགས་གཉིས་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེན་པོ་བྱུང་ཚུལ།
         དེང་སྐབས་བོད་རྩིས་ཞེས་གྲགས་པའི་དུས་འཁོར་སྐར་རྩིས་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་རྒྱ་གར་ནས་བོད་དུ་དར་བ་ཞིག་ཡིན། དེ་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་《དུས་འཁོར་རྩ་རྒྱུད་》དང་།  དེ་གཞིར་བཟུང་ནས་མཛད་པའི་《དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་》 དེ་བཞིན་བསྡུས་རྒྱུད་ཀྱི་འགྲེལ་པ་《འགྲེལ་ཆེན་དྲི་མེད་འོད་》སོགས་ལས་རིམ་བཞིན་བྱུང་བ་ཞིག་རེད། དེ་ཡང་སྤྱི་ལོ་༡༠༢༧ལོར་དུས་འཁོར་རྒྱུད་འགྲེལ་ཐོག་མར་བོད་དུ་བསྒྱུར་ཡང་། གཞུང་རྣམ་དག་ཡིན་མིན་གྱི་ཐད་རྩོད་པ་བྱུང་བས། ལོ་ངོ་སུམ་བརྒྱ་ཙམ་གྱི་རིང་བོད་དུ་ཆེས་ཆེར་དར་མ་ཐུབ་པར་གྲགས། ས་སྐྱའི་དུས་སྐབས་སུ་བོད་རང་གི་མཁས་པས་བརྩམས་པའི་དུས་འཁོར་ལུགས་ཀྱི་རྩིས་གཞུང་བྱུང་བ་དང་།  ཐུན་མོང་རིག་གནས་བཤད་ཁྲིད་ཀྱི་སྲོལ་དར་བར་མཛད་པས། དུས་འཁོར་སྐར་རྩིས་ཀྱང་རིམ་གྱིས་བོད་དུ་དར་རྒྱས་བྱུང་།  ཕག་གྲུའི་དུས་སྐབས་སུ་གཞུང་རྣམ་དག་ཡིན་མིན་གྱི་རྩོད་པ་ཞི་བར་གྱུར་བ་དང་སྦྲགས། དུས་འཁོར་སྐར་རྩིས་རྒྱུན་འཛིན་དར་སྤེལ་གནང་མཁན་རབ་དང་རིམ་པ་བྱུང་བ་དང་།  རྩིས་ཀྱི་བསྟན་བཅོས་ཇེ་མང་དུ་སོང་བ་སོགས་སྔར་བས་ཡར་རྒྱས་ཆེན་པོ་བྱུང་།  ལྷག་པར་དུ་དུས་རབས་བཅོ་ལྔ་པའི་ནང་ལུགས་དེའི་རི་མོའི་ཕྱག་ལེན་ཐད་ཅུང་མི་འདྲ་བ་བྱུང་སྟེ་མཚུར་ལུགས་དང་ཕུག་ལུགས་ཞེས་སྐར་རྩིས་ཀྱི་ལུགས་ཆེན་པོ་གཉིས་བྱུང་།  ཕུག་ལུགས་ནི་ལྷོ་ཁ་ས་ཁུལ་དུ་བྱུང་བའི་རྒྱ་མཚོ་རྣམ་གསུམ་སྟེ། གཙང་ཆུང་ཆོས་གྲགས་རྒྱ་མཚོ་དང་།  ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་གསུམ་གྱིས་ལག་ལེན་གནང་བའི་རྩིས་ལུགས་ལ་གོ་བ་དང་། མཚུར་ལུགས་ནི་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་ཕྱག་ལེན་མཛད་པའི་རྩིས་ལུགས་ལ་ཟེར་ཏེ། དེ་ནི་སྤྱི་ལོ་༡༤༢༥ལོར།① མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་《རྩིས་ཀུན་བཏུས་པ་》ཞེས་པའི་རྗེས་སུ་འབྲངས་ཏེ་རྩིས་གཞུང་ཆེན་མོ་《བྱེད་རྩིས་དང་གྲུབ་རྩིས་གཟའ་གནས་དྲུག་པ་》མཛད་དེ་མཚུར་ཕུའི་ལོ་ཐོ་ཞེས་པ་ཐོག་མར་བཏོན་གནང་བ་ནས་བྱུང་བ་ཞིག་རེད། མཚུར་ཕུག་ལུགས་གཉིས་ནི་ཐོག་མར་ཀརྨ་བཀའ་བརྒྱུད་དམ་མཚུར་ཕུ་བཀའ་བརྒྱུད་ཀྱི་གདན་ས་སྟོད་ལུང་མཚུར་ཕུ་དགོན་པ་དང་། ལྷོ་ཁ་གྲ་ནང་ཁུལ་དུ་ཆགས་པའི་རྙིང་མ་བའི་དགོན་ཆེན་སྨིན་གྲོལ་གླིང་སོགས་དབུས་གཙང་གི་དགོན་སྡེ་ཁག་གཅིག་ནས་འཆད་ཉན་དང་ཕྱག་ལེན་རྒྱ་ཆེར་གནང་བ་རེད།
         དབུས་གཙང་ལ་མཚོན་ན་དུས་སྐབས་དེར་གཞུང་ཕྱོགས་ནས་ཕུག་ལུགས་ཀྱི་ཕྱག་བཞེས་གཙོར་བཟུང་ནས་སྤེལ་བའི་ལོ་ཐོ་བེད་སྤྱོད་དང་། དེའི་འཆད་ཉན་དང་ཕྱག་ལེན་ལ་མཐོང་ཆེན་མཛད་པས། དཔལ་ལྡན་ཕུག་པའི་ལུགས་ཞེས་སྐབས་དེར་དར་ཁྱབ་ཆེ་བའི་རྩིས་ལུགས་སུ་གྱུར་ལ། སློབ་བརྒྱུད་འཛིན་མཁན་ཡང་སྨོན་འགྲོ་པཎ་ཆེན་དང་། ལྡུམ་པོ་དོན་གྲུབ་དབང་རྒྱལ། འདར་ལོ་ངག་དབང་ཕུན་ཚོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲཱི་སོགས་སྐར་རྩིས་སྨྲ་བའི་མཁས་མཆོག་མང་པོ་བྱུང་ཡོད། སྡེ་སྲིད་ཀྱིས་མཛད་པའི་《ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བེེ་ཌཱུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་》དང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་《རྩིས་གཞུང་ཉིན་བྱེད་སྣང་བ་》གཉིས་ནི་ཕུག་པའི་རང་ལུགས་གཙོ་བོར་བཟུང་ཞིང་རྨད་དུ་བྱུང་བའི་ཁྱད་ཆོས་མང་པོ་ལྡན་པ་ཞིག་ཡིན་པས། ཕྱིས་བྱོན་རྩིས་རམས་པ་དག་གིས་སྐར་རྩིས་འཆད་ཉན་དང་ཕྱག་ལེན་གནང་སྐབས་ཁུངས་གཏུགས་སའི་རྩིས་གཞུང་གཙོ་བོ་ཞིག་ཏུ་གྱུར་ཡོད།
         དགའ་ལྡན་ཕོ་བྲང་གི་དུས་སུ་ཕུག་ལུགས་ནི་མདོ་སྨད་དང་མཚུར་ལུགས་ནི་མདོ་སྟོད་ནས་དར་ཁྱབ་ཆེན་པོ་བྱུང་ཡོད། དེ་ཡང་ཕུག་ལུགས་ལ་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ལ་མདོ་སྨད་དུ་དགེ་ལྡན་རྩིས་གསར་ལུགས་དང་མཁས་པའི་སྙིང་ནོར་ལུགས། ཡང་གསལ་སྒྲོན་མེའི་ལུགས་ཞེས་ནང་གསེས་རྩིས་ལུགས་མི་འདྲ་བ་གསུམ་བྱུང་།  དགེ་ལྡན་རྩིས་གསར་ལུགས་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ་༡༧༥༤ལོར་《སྐར་ནག་རྩིས་ཀྱི་སྙིང་ནོར་ཉུང་འདུས་ཀུན་གསལ་མེ་ལོང་》དང་།  དེའི་བུ་གཞུང་《ཟླ་བསིལ་རྩི་སྦྱོར་དགེ་ལྡན་རྩིས་གསར་》《དགེ་ལྡན་རྩིས་གསར་གྱི་ས་རིས་འབྲི་ཚུལ་གཉིད་སློང་གླུ་དབྱངས་》ཞེས་པ་སོགས་མཛད་དེ་སྲོལ་གཏོད་གནང་བ་ཞིག་རེད། ཁོང་གིས་མདོ་སྨད་དགོན་ལུང་ནས་སྐར་རྩིས་ཀྱི་ས་རིས་དང་།  འབྱུང་རྩིས་སོགས་ཀྱི་བཤད་ཁྲིད་མཛད་ནས་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་སློབ་བུ་མང་པོ་བསྐྱངས་ཡོད། སྐར་རྩིས་སྨྲ་བ་ལ་ལས། མཚུར་ཕུག་དགེ་གསུམ་ཞེས་བོད་ཀྱི་སྐར་རྩིས་རིག་པར་རྩིས་ལུགས་གྲགས་ཅན་གསུམ་ཡོད་པར་བརྗོད་པ་ལས་དགེ་ལྡན་རྩིས་གསར་ནི་ཕུག་ལུགས་ཀྱི་ནང་གསེས་སུ་མི་འཇོག་མཁན་ཡང་ཡོད། གང་ལྟར་ལུགས་དེ་སྲོལ་བཏོད་པ་ནས་བཟུང་གཙོ་ཆེར་རི་བོ་དགེ་ལྡན་པ་རྣམས་ཀྱིས་ཕྱག་བཞེས་གནང་། རྗེས་འབྲངས་མཁས་པ་དང་རྩིས་གཞུང་མང་པོ་བྱུང་ཡོད་པ་དེས་ཀྱང་རྩིས་ལུགས་དེ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ། མཁས་པའི་སྙིང་ནོར་ལུགས་ནི་སྤྱི་ལོ་༡༧༩༦ལོར་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་རྩིས་གཞུང་《མཁས་པའི་སྙིང་ནོར་》དང་།  དེའི་ཆ་ལག་《རིན་ཆེན་སིལ་མ་》《རྩིས་ཀྱི་བསྟན་བཅོས་ཆོས་དུང་གཡས་འཁྱིལ་》ཞེས་པ་བཅས་བརྩམས་གནང་ནས་ལུགས་དེའི་སྲོལ་ཕྱེ་བར་གྲགས།རྩིས་ལུགས་དེ་དགེ་ལྡན་རྩིས་གསར་གྱི་ཁོངས་སུ་གཏོགས་པར་འདོད་མཁན་ཡོད་ལ། མཁས་པའི་སྙིང་ནོར་ལུགས་ཞེས་ལོགས་སུ་བཀར་ནས་བརྗོད་མཁན་ཡང་ཡོད། དེ་ནི་ལུགས་དེ་གཉིས་ཀྱི་སྲོལ་གཏོད་མཁན་དབར་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་དང་བཞུགས་ཡུལ་གཙོ་བོའང་མཚོ་སྔོན་གྱི་དགོན་ལུང་དགོན་པ་དང་།  བྱ་ཁྱུང་། སྐུ་འབུམ་སོགས་ཡིན་པའི་རྐྱེན་གྱིས་ཡིན་ངེས།  ཡང་གསལ་སྒྲོན་མེའི་ལུགས་ནི་སྤྱི་ལོ་༡༧༧༠ལོར། གོ་ཤྲི་བློ་བཟང་མི་འགྱུར་རྡོ་རྗེ་ཡིས་རྩིས་གཞུང་《ཡང་གསལ་སྒྲོན་མེ་》མཛད་པ་ནས་སྲོལ་ཕྱེ་བར་བརྗོད། ཡོངས་གྲགས་སུ་རྩིས་ལུགས་དེ་གསུམ་ནི་ཕུག་ལུགས་ཀྱི་ནང་གསེས་སུ་འདོད། སྐབས་དེར་སྐར་རྩིས་མཁན་པོ་དང་རྩིས་གཞུང་གྲགས་ཅན་མང་པོ་བྱུང་ཡོད་ཀྱང་འདིར་རེ་རེ་བཞིན་བརྗོད་པར་མི་བྱ། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་ནས་བརྒྱུད་འོང་བའི་མཚུར་ལུགས་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྤྱི་ལོ་༡༧༢༧ལོར་སྡེ་དགེ་དཔལ་སྤུངས་དགོན་ཕྱག་བཏབ་ནས་བོད་ཀྱི་སྐར་རྩིས་རིག་པའི་ཕྱག་ལེན་དང་འཆད་ཉན་ལ་གཅིགས་ཆེན་གནང་བ་དང་། སྤྱི་ལོ་༡༧༥༤ལོར་དཔལ་སྤུངས་ནས་གནས་ལྔ་རིག་པའི་སློབ་གླིང་བཙུགས་ཏེ་རྩིས་སྨན་རྒྱུན་འཛིན་གྱི་སློབ་བུ་མང་པོ་གསོ་སྐྱོང་གནང་ཐོག བོད་ཀྱི་སྐར་རྩིས་རིག་པ་དང་།  ལྷག་པར་དུ་མཚུར་ལུགས་རྒྱུན་འཛིན་དར་སྤེལ་གང་ལེགས་གནང་བ་དང་།  དེ་བཞིན་སི་ཏུའི་དབོན་དཔལ་སྤུངས་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་《ལེགས་བཤད་ནོར་ཕྲེང་》བརྩམས་གནང་སྟེ་《སྡེ་དགེའི་ལོ་ཐོ་》ཞེས་པ་ཞིག་བཏོན་ཞིང་། སྤྱི་ལོ་༡༧༣༢ལོར་རྩིས་གཞུང་《གཙུག་ལག་རྩིས་རིག་ཚང་མའི་ལག་ལེན་འཁྲུལ་མེད་མུན་སེལ་ཉེར་མཁོའི་འདོད་པ་འཇོ་བའི་བུམ་བཟང་》(བསྡུས་ན་《རྩིས་གཞུང་ཉེར་མཁོ་བུམ་བཟང་》ཞེས་བརྗོད་)མཛད་ནས་《མཚུར་ལུགས་གྲུབ་རྩིས་དཔལ་སྤུངས་ལོ་ཐོ་》(དཔལ་སྤུངས་དགོན་པ་ནས་བཏོན་པས་《དཔལ་སྤུངས་ལོ་ཐོ་》ཞེས་ཀྱང་བྱ་)ཞེས་པ་སྔར་བས་རྒྱས་པ་ཞིག་བཏོན་གནང་ལ། དུས་གཟེར་རྣམས་ཀྱང་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་སོགས་ཀྱི་ལུགས་བཞིན་བཀོད་པ་སོགས། སྐབས་དེ་ཙམ་ནས་མཚུར་ལུགས་ནི་ཁམས་ཕྱོགས་སུ་དར་ཁྱབ་ཆེན་པོ་བྱུང་ཡོད། ལུགས་དེའི་སློབ་རྒྱུན་འཛིན་མཁན་ལ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོ་བྱུང་བ་དང་། གྲགས་ཅན་རྩིས་གཞུང་ལ་《དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས་》ཞེས་པ་དང་《རྩིས་གཞུང་དགེ་ལེགས་སྣང་བའི་ཉི་མ་》དེ་བཞིན་《རྩིས་གཞུང་ཉེར་མཁོ་བུམ་བཟང་》《སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་》ལ་སོགས་མང་པོ་ཡོད། དེ་དག་ལས་《རྩིས་གཞུང་ཉེར་མཁོ་བུམ་བཟང་》ནི་མཚུར་ལུགས་འཆད་ཉན་དང་ཕྱག་ལེན་བྱེད་མཁན་ཆོའི་གཞི་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད།
གཉིས་པ། རྒྱ་རྩིས་ཀྱི་ཉིང་བཅུད་ནང་འདྲེན་དང་སྡུད་ལེན་བྱས་པ།
         སྤྱིར་རྒྱ་གར་ནས་དར་བའི་དུས་འཁོར་དང་རྒྱ་ནག་ནས་དར་བའི་“ཧྲིས་ཞན་ལིས་” གང་ཡིན་ཡང་སྐར་རྩིས་ཀྱི་བྱེ་བྲག་ཅིག་ཡིན་རུང་། བོད་ཀྱིས་ཡོངས་གྲགས་སུ་དུས་འཁོར་ལུགས་ཁོ་ནར་སྐར་རྩིས་ཟེར་བ་དང་། རྒྱ་ནག་ནས་དར་བའི་གཟའ་ལྔ་བརྟག་ཐབས་དང་ལོ་ཐོ་སྒྲུབ་ཚུལ། ཉི་ཟླ་གཟའ་འཛིན་བརྟག་ཚུལ་སོགས་གནམ་རིག་སྐར་རྩིས་ཀྱི་ཁོངས་སུ་གཏོགས་པ་རྣམས་ལ་རྒྱ་རྩིས་ཟེར། རྒྱ་ནག་ཏུ་སྔ་ཕྱིར་དར་བའི་སྐར་རྩིས་ཀྱི་གྲུབ་མཐའ་རྣམས་ལ་རགས་རིམ་གྱིས་དབྱེ་ན་རིགས་གསུམ་ཡོད་པར་བརྗོད་དེ། མིང་རྒྱལ་རབས་ཀྱི་སྔོན་དུ་རྒྱ་ཡུལ་རང་ས་ནས་དར་བའི་སྲོལ་རྒྱུན་གྱི་ལུགས་དང་གཅིག མིང་རྒྱལ་རབས་ཀྱི་མཇུག་ཏུ་ཡོ་རོབ་གླིང་ནས་དར་ཡོང་བའི་ནུབ་གླིང་རྩིས་གསར་དུ་གྲགས་པ་ཕྱིས་ཆིང་རྒྱལ་རབས་སྐབས་སུ་ལག་བསྟར་བྱས་པའི་ལུགས་དང་གཉིས། དུས་རབས་ཉི་ཤུ་པ་ནས་དར་བའི་དེང་རབས་ཚན་རིག་ཏུ་གྲགས་པའི་ལུགས་དང་གསུམ་བཅས་ཡིན། དེ་དག་ལས་ཕྱི་མ་གཉིས་ནི་ནུབ་གླིང་རྒྱལ་ཁབ་ནས་དར་ཡོང་བ་འདྲ་ཡང་། ནུབ་གླིང་རྩིས་གསར་ལ་མཚོན་ན། “《འཇམ་དབྱངས་འཛུམ་ཟེར་》ལས། ལུགས་འདིར། འཇིག་རྟེན་ས་གཞི་ཟླུམ་པོ་འདིའི། ། སྟེང་ཐད་ཉི་མ་གཟའ་སྐར་རྣམས། ། བརྩེགས་ཚུལ་འཁོར་བའི་འགྲོས་དབང་གིས། ། ཟླ་བས་ཉི་མ་སྒྲིལ་བར་འདོད། །”②ཅེས་གསུངས་པ་ལྟར། ལུགས་དེས་ས་དཀྱིལ་ལྟེ་བར་སྨྲ་བ་དང་།  ཕྱི་མས་པོ་ལན་གྱི་གནམ་དཔྱད་རིག་པ་བ་གུ་པེ་ཉུས་ཀྱི་ཉི་མ་ལྟེ་བར་སྨྲ་བའི་གཞུང་ལུགས་གཞིར་འཛིན་གྱི་ཡོད། གོང་གི་རིགས་གསུམ་པོ་ལས་བོད་དུ་དར་བ་ནི་གཉིས་པ་དེ་རང་ཡིན་དགོས། རྩིས་ལུགས་དེ་ནི་རྒྱ་ནག་རང་གི་ལུགས་ཤིག་མིན་པར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ལས་དར་ཡོང་བ་ཞིག་ཡིན་ཡང་། རྒྱལ་ནང་ནས་བརྒྱུད་སྤེལ་བྱས་ཤིང་རྒྱ་ཡུལ་ནས་བོད་དུ་དར་བས། བོད་ཀྱི་མཁས་པས་དེ་ལ་རྒྱ་རྩིས་ཞེས་ཟེར། རྒྱ་ནག་ཏུ་ལོ་ཐོ་སྒྲུབ་ཚུལ་དང་ཉི་ཟླ་གཟའ་འཛིན་བརྟག་ཚུལ་སོགས་སྐར་རྩིས་རིག་པ་དར་ནས་ལོ་ངོ་སྟོང་ཕྲག་དུ་མ་འདས་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྩིས་ལུགས་མི་འདྲ་བ་དྲུག་ཅུ་ལྷག་བྱུང་བར་འདོད་ནའང་། བོད་དུ་ཆིན་རྒྱལ་རབས་ཀྱི་ཡན་ལ་དར་མ་ཐུབ། དེའི་རྒྱུ་རྐྱེན་གཙོ་བོ་ནི་གནའ་བོའི་རྒྱ་ནག་རྒྱལ་པོའི་ཁྲིམས་སུ་ཉི་ཟླ་གཟའ་འཛིན་བརྩི་བ་སོགས་གནམ་རིག་སྐར་རྩིས་སློབ་པ་དང་སྤྱོད་པར་བཀག་སྡོམ་ནན་པོ་ཡོད་པས་ཡིན། དེ་ཡང་རྒྱའི་ལོ་རྒྱུས་དེབ་ཐེར་《ཅིན་ཧྲུའུ་》(《晋书》) ཞེས་པ་སྤྱི་ལོ་༡༧༩ནས་སྤྱི་ལོ་༤༢༠བར་གྱི་ལོ་རྒྱུས་འཁོད་པ་དེའི་ལེའུ་བཅུ་གཅིག་པར། གནམ་རིག་བརྟག་དཔྱད་ནི་གནའ་ནས་བཟུང་ལོ་རྒྱུས་འབྲི་མཁན་གྱིས་གསང་སྟབས་ཀྱིས་གཉེར་བ་དང་མི་མུས་བརྒྱུད་ནས་སྤེལ་བར་བཤད་པ་དང་། ③ 《ཐང་ཡིག་གསར་མ་》ཡི་དཔོན་རིགས་བཅའ་ཡིག་གི་ལེའུར། “ལྐོག་གྱུར་གནམ་རིག་གི་བརྟག་དཔྱད་དཔེ་རིས་ལ། སྐབས་བབ་ཀྱི་ལས་བྱེད་པ་ཁོ་ནས་མ་གཏོགས་གཞན་སུ་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག་”④ཅེས་དང་། 《སུང་རྒྱལ་རབས་ཀྱི་ལོ་རྒྱུས་》བམ་པོ་བཞི་བཅུ་ཞེ་བརྒྱད་པམ སྤྱི་ལོ་༩༧༦ལོར་གནམ་འོག་གི་གནམ་རིག་རྟོགས་མཁན་དག་ལ་ཚོད་ལྟའི་རྒྱུགས་བླངས་ཏེ་ཕོ་བྲང་གི་གནམ་དཔྱད་ལས་ཁུངས་ནས་བྱ་བ་བསྒྲུབ་ཏུ་འཇུག་རྒྱུ་དང་། གལ་ཏེ་གསང་ནས་མི་ཞུ་བ་ཡོད་ཚེ་སྲོག་ཆད་གཅོད་རྒྱུའི་བཀའ་བཏང་བ་ལྟར། དེའི་ཕྱི་ལོར་ས་ཁུལ་སོ་སོ་ནས་བསྐྱལ་ཡོང་བའི་གནམ་དཔྱད་མཁན་ལས་སྐོར་ཞིག་ཕོ་བྲང་གི་གནམ་རིག་ཆེད་ལས་མི་སྣར་བདམས་པ་དང་། ལྷག་ལུས་རྣམས་རྒྱ་མཆོའི་གླིང་ཕྲན་ཞིག་ཏུ་སྤྱུགས་པར་བརྗོད་པ།⑤ མིང་རྒྱལ་རབས་ཀྱི་ཧྲན་ཏེ་ཧྥུ་ཡི་(沈德符)བརྩམས་ཆོས་《野获篇》སུའང་། “རྒྱལ་སྲིད་འདི་ཉིད་ཀྱིས་ཐོག་མ་ནས་གནམ་རིག་སྦྱོང་བ་ལ་བཀའ་རྒྱ་ཤིན་ཏུ་བཙན་ཏེ། ཆབ་འབངས་སུས་གནམ་རིག་སྦྱངས་ཚེ་ཡུལ་ཕྱུང་མཐར་སྐྲོད་གཏོང་རྒྱུ་དང་ལོ་ཐོ་བཟོས་ན་སྲོག་ཆད་གཅོད་པ་ཡིན་”⑥ཞེས་དང་། དེ་བཞིན་《ཀྲུང་གོའི་གནམ་དཔྱད་རིག་པའི་ལོ་རྒྱུས་》ཞེས་པར། “རྒྱ་ནག་གི་དབང་སྒྱུར་གྲལ་རིམ་གྱིས་རྒྱུན་དུ་གནམ་བསྐོས་ལས་དབང་སྨྲ་བ་དང་སྐར་རྩིས་རིག་པར་བརྟེན་ནས་སྲིད་དབང་སྲ་བརྟན་ཏུ་གཏོང་བ་ཡིན་པས། མི་གཞན་གྱིས་ཀྱང་བྱེད་ཐབས་དེ་འདྲར་བརྟེན་ནས་རང་ཉིད་ཀྱི་སྲིད་དབང་མགོ་རྟིང་སློག་པར་དོགས་ཏེ། གནམ་དཔྱད་རིག་པར་རྒྱལ་པོ་རང་གིས་སྒེར་སྡེམ་གང་ཐུབ་བྱེད་ཀྱི་ཡོད། གནམ་དཔྱད་ལས་ཁུངས་ཀྱི་དཔོན་རིགས་ཕྱི་རོལ་དང་འབྲེལ་གཏུགས་བྱེད་པར་བཀག་འགོག་བྱེད་པ་དང་།  དམངས་ཁྲོད་ནས་མི་སྒེར་གྱིས་གནམ་རིག་སློབ་སྦྱོང་བྱེད་མི་ཆོག་ལ། གནམ་རིག་སྐོར་གྱི་རི་མོ་དང་བརྩམས་ཆོས་ཀྱང་དམངས་ཁྲོད་དུ་ཁྱབ་མི་ཆོག་”⑦ཅེས་འཁོད་པ་སོགས་ལས། གནའ་ནས་བཟུང་ནང་སར་གནམ་རིག་སྐར་རྩིས་ལ་ཧ་ཅང་གཅིགས་ཆེན་བྱེད་པ་དང་།  དེའི་སློབ་གཉེར་དང་ལག་ལེན་ཐད་ཀྱི་བཀའ་ཁྲིམས་ཤིན་ཏུ་བཙན་པོ་ཡོད་པ་ཤེས་ཐུབ་ལ། གནའ་བོའི་རྒྱ་ནག་པས་གནམ་རིག་སྐར་རྩིས་དང་རྒྱལ་སྲིད་ཀྱི་དར་རྒུད་དབར་འབྲེལ་བ་དམ་པོ་ཡོད་པར་འདོད་པ་ཡང་ཤེས་ཐུབ། དེས་ན་རིག་པ་དེ་ཉིད་གསང་བའི་ཤེས་རིག་ཅིག་ཏུ་བརྩིས་ནས་རྒྱལ་པོའི་ཕོ་བྲང་གི་ཐེམ་སྐས་ལས་བརྒལ་མི་ཆོག་པའི་བཀའ་རྒྱ་ཡོད་ན། རྒྱ་རྩིས་ཀྱི་མན་ངག་སོགས་བོད་ལྟ་བུར་དར་མ་ཐུབ་པའི་རྒྱུཅ།ཚན་ཡང་ཤེས་སླ་བ་ཞིག་ཡིན།
         དགའ་ལྡན་ཕོ་བྲང་གི་སྐབས་དེར་ཆིང་གོང་མས་སྲིད་དབང་བཟུང་རྗེས་གནམ་རིག་སྐར་རྩིས་སློབ་པ་དང་སྤྱོད་པར་སྔོན་ལྟར་རྒྱལ་ཁྲིམས་ཀྱི་བཀག་རྒྱ་བཙན་པོ་མེད་སྟབས། རྒྱལ་མཆོག་ལྔ་པ་ཆེན་མོར་རྒྱ་རྩིས་ཀྱི་གཞུང་ལ་གཟིགས་རྟོགས་གནང་རྒྱུར་གོ་སྐབས་བྱུང་ལ། ཆིང་གོང་མས་ཀྱང་རྒྱ་རྩིས་ཀྱི་རིག་པ་གྲངས་ཉུང་མི་རིགས་ས་ཁུལ་དུ་བསྒྱུར་སྤེལ་བྱེད་པར་རྒྱབ་སྐྱོར་གནང་བས། རིམ་བཞིན་བོད་རིགས་གྲྭ་པ་འགའ་ཞིག་གོང་མའི་གནམ་དཔྱད་ལས་ཁུངས་སུ་སློབ་སྦྱོང་བྱེད་པར་མངགས་པ་མ་ཟད། ཁོ་ཚོས་ཉི་ཟླ་གཟའ་འཛིན་བརྟག་ཐབས་སོགས་རྒྱ་རྩིས་ཀྱི་ཉིང་བཅུད་རྣམས་བོད་དུ་བསྒྱུར་ཏེ་ལག་ལེན་མཛད་ཡོད། སྔ་རྗེས་སུ་བོད་ཀྱི་མཁས་པས་བརྩམས་པའི་རྒྱ་རྩིས་སྐོར་གྱི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད་པ་དཔེར་ན། སྤྱི་ལོ་༡༨༦༤ལོར་སེར་ཆེན་གྲགས་པ་རྒྱལ་མཚན་གྱིས་《ཙི་ནའི་ལུགས་ཀྱི་རྩིས་གཞུང་བསམ་འཕེལ་དབང་གི་རྒྱལ་པོ་》ཞེས་པ་མཛད་པ་དང་། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཐུབ་བསྟན་རྒྱ་མཚོས་《མ་ཧཱ་ཙི་ནའི་རྩིས་ཀྱི་ཚུལ་ལ་འཇུག་པའི་ཡི་གེ་འཇམ་དབྱངས་མཆོད་པའི་མེ་ཏོག་》ཅེས་པ་དང་། དེ་བཞིན་《མ་ཧཱ་ཙིནའི་རང་ལུགས་འབའ་ཞིག་ལས་འོངས་པའི་ཟླ་ཉི་སྒྲིབ་རྩིས་འཇམ་དབྱངས་འཛུམ་ཟེར་》《འཇམ་དབྱངས་མཆོད་པའི་མེ་ཏོག་ཟུར་འདེབས་བུང་བ་བཟི་བའི་ཅ་ཅོ་》སོགས་མཛད་པ། སྤྱི་ལོ་༡༩༠༠ལོར་དམེ་ཤུལ་ཐང་སེར་ཆོས་འཕེལ་གྱིས་《སྣང་བྱེད་ཟུང་གི་སྒྲིབ་ཡོལ་བརྟག་ཐབས་ཤེས་རབ་རལ་གྲིའི་འོད་ཟེར་》ཞེས་པ། སྤྱི་ལོ་༡༩༢༧ལོར་རེབ་གོང་རོང་བོ་དགོན་པའི་བདེ་ཆེན་སྤྲུལ་སྐུས་《རྒྱ་རྩིས་ཀྱི་ལག་ལེན་ཉེར་མཁོའི་རིམ་པ་རྣམས་གསལ་བར་བཤད་པའི་རྩིས་གཞུང་ཤེས་ལྡན་འདོད་འཇོ་》ཞེས་པ་མཛད་པ་སོགས་ལྟ་བུ་ཡིན། ལྷག་པར་དུ་སྐབས་དེར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ནས་རྒྱ་རྩིས་སློབ་སྦྱོང་བྱེད་སའི་གྲྭ་ཚང་ཞིག་བཙུགས་པ་དང་།  བོད་རྩིས་དང་རྒྱ་རྩིས་ལུགས་གཉིས་ལ་བརྟེན་ནས་ལོ་ཐོ་འདོན་པའི་སྲོལ་བཏོད་པས། རྒྱ་རྩིས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད། གཞན་སྐབས་དེར་བོད་ཀྱི་ལོ་ཐོའི་གྲུབ་ཆའི་གྲས་ཤིག་གམ་བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་བའི་རྒྱ་ནག་གླང་རྩིས་སམ་ས་གླང་བརྟག་ཚུལ་གྱི་ནང་དོན་ཡང་བོད་དུ་བསྒྱུར་ནས་བོད་རྩིས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་མ་ལག་འཐུས་ཚང་དུ་བཏང་ཡོད།
གསུམ་པ།  སྐར་རྩིས་འཆད་ཉན་དང་ལག་ལེན་བྱེད་སའི་ཚན་ཁག་བཙུགས་པ།
         སྤྱིར་ན་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་རྣམ་པ་གཙོ་བོ་ནི་དགོན་སྡེའི་སློབ་གསོ་ཡིན་པ་དང་།  དགོན་སྡེ་ཁག་ཏུ་ཆོས་ལུགས་སློབ་གཉེར་བྱེད་ཡུལ་གྱི་སློབ་གྲྭའམ་གྲྭ་ཚང་ཧ་ཅང་མང་པོ་ཡོད། འོན་ཀྱང་དེ་སྔོན་སྐར་རྩིས་སོགས་ཐུན་མོང་རིག་གནས་ལ་རྩལ་བཏོན་ནས་སློབ་སྦྱོང་དང་སློབ་ཁྲིད་བྱེད་སྲོལ་དར་བའི་དགོན་སྡེ་ཅུང་ཉུང་། དགའ་ལྡན་ཕོ་བྲང་གི་སྐབས་དེར་ཐུན་མོང་རིག་གནས་ཀྱི་སློབ་གསོའི་བྱ་གཞག་ཡར་རྒྱས་གོང་དུ་འཕེལ་བས། བོད་ཁུལ་གྱི་དགོན་ཆེན་ཁག་གཅིག་ཏུ་སྐར་རྩིས་འཆད་ཉན་དང་ལག་ལེན་བྱེད་སའི་ཚན་ཁག་ཆེད་དུ་བཙུགས་པ་མ་ཟད། གཞུང་བཙུགས་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭའང་བྱུང་ཡོད་པ་དཔེར་ན། དབུས་ཕྱོགས་སུ་སྤྱི་ལོ་༡༦༧༦ལོར་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ཡིས་ལྷོ་ཁ་གྲ་ནང་གི་རྙིང་མའི་དགོན་ཆེན་ཨོ་རྒྱན་སྨིན་གྲོལ་གླིང་བཞེངས་རྗེས། ལོ་ཆེན་ནམ་བཟང་ཞེས་པས་དེར་དཀར་འབྱུང་རྩིས་རིག་དང་། བརྡ་སྤྲོད་རིག་པ། སྙན་ངག མངོན་བརྗོད་སོགས་བསླབ་གཞིར་བྱས་པའི་སློབ་གྲྭ་ཞིག་བཙུགས་ཤིང་། སློབ་གྲྭའི་དམིགས་ཡུལ་གཙོ་བོ་ནི་དེ་སྔའི་རྩེ་སློབ་གྲྭའི་རིག་གནས་དགེ་རྒན་དང་སྐར་རྩིས་མཁས་པ་ཁག་གཅིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། སློབ་གྲྭ་དེ་ནས་སྟོབས་ཚང་ཤེས་རབ་བསྟན་དར་དང་ལོ་ཆེན་དྷརྨ་ཤྲཱི་ལྟ་བུ་སྐར་རྩིས་སྨྲ་བའི་མཁས་མཆོག་མང་པོ་གསོ་སྐྱོང་བྱས་པས། སྨིན་གྲོལ་གླིང་ཡང་བོད་ཀྱི་སྐར་རྩིས་རིག་པ་འཆད་ཉན་དང་ཞིབ་འཇུག་བྱེད་པའི་གནས་གཞི་གཙོ་བོ་ཞིག་ཏུ་གྱུར། དེ་ནས་བཏོན་པའི་《སྨིན་གླིང་ལོ་ཐོ་》ནི་སྐད་གྲགས་ཆེ་བས་བར་སྐབས་ཤིག་རིང་དབུས་གཙང་ཁུལ་ནས་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཡོད་པ་ལྟ་བུ་དང་།  དེ་མིན་ལྷ་སར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྨན་རྩིས་ཁང་སོགས་གཞུང་བཙུགས་སློབ་གྲྭ་ཁག་གཅིག་བཙུགས་པ་དེ་དག་ནས་སྨན་རྩིས་ཆེད་ལས་ཀྱི་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད་ལ། སྐྱིད་རས་སློབ་གྲྭ་ལྟ་བུ་སྒེར་གཉེར་སློབ་གྲྭའང་འགའ་རེ་བྱུང་ཡོད་པ་དེ་དག་གི་སློབ་ཚན་གྱི་རྣམ་གྲངས་ནི་རྩིས་གཞུང་རྙིང་པ་དང་ཡིག་གཟུགས་སྦྱོང་བརྡར། སུམ་རྟགས་དག་གསུམ་སོགས་ཡིན་པ་《དེ་སྔའི་བོད་ཀྱི་སློབ་གསོའི་གནས་ཚུལ་》⑧ཞེས་པར་འཁོད་ཡོད་པ་ལྟ་བུ་ཡིན། ཁམས་ཕྱོགས་སུ་སྤྱི་ལོ་༡༧༥༤ལོར་སྡེ་དགེ་དཔལ་སྤུངས་སུ་གནས་ལྔ་རིག་པའི་སློབ་གླིང་བཙུགས་པ་དེ་ནི་བོད་ཀྱི་ཐུན་མོང་རིག་གནས་བསླབ་གཞི་གཙོ་བོར་བྱས་པའི་སློབ་གྲྭའི་གྲས་ཤིག་ཡིན་ཞིང་། ཁུལ་དེ་ནས་བོད་ཀྱི་རྩིས་སྨན་གཉིས་ལ་མཛད་རྗེས་ཆེ་བའི་ཀརྨ་ངེས་ལེགས་བསྟན་འཛིན་དང་།  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇུ་མི་ཕམ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད། མདོ་སྨད་ཕྱོགས་ལ་མཚོན་ན། སྐབས་དེར་དགོན་སྡེ་ཆེ་འབྲིང་ཁག་ཏུ་དུས་འཁོར་ཟབ་ཆོས་ཉམས་ལེན་དང་སྐར་རྩིས་འཆད་ཉན་རྒྱ་ཆེར་སྤེལ་ཡོད་པ་དཔེར་ན། སྤྱི་ལོ་༡༧༥༢ལོར་ཅོ་ནེའི་གནམ་རིག་སྐར་རྩིས་སྨྲ་བའི་དབང་པོ་བསོད་ནམས་རྒྱལ་མཚན་མཆོག་གིས་ཅོ་ནེ་དགོན་པར་ས་རིས་གྲྭ་ཚང་ཞེས་གསར་དུ་བཙུགས་པ་དེར་དགུ་མཐའི་འཛིན་གྲྭ་དང་།  ལྔ་བསྡུས་འཛིན་གྲྭ། གཟའ་ལྔའི་འཛིན་གྲྭ། གཟའ་དྷྲུ་དང་ཉི་དྷྲུའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་ཡོད་པ་དང་། ⑨ སྤྱི་ལོ་༡༧༦༣ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་སྐར་རྩིས་རིག་པའི་སྲོལ་རྒྱུན་མི་ཉམས་གོང་འཕེལ་ཡོང་སླད་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་ཞེས་པ་བཙུགས་པ་དེ་ནི་གཙོ་བོར་བོད་ཀྱི་སྐར་རྩིས་རིག་པར་སློབ་སྦྱོང་དང་།  ཞོར་ལ་སྒྲ་དང་སྡེབ་སྦྱོམ སུམ་རྟགས། སྙན་ངག་སོགས་སློབ་སྦྱོང་བྱེད་པའི་སྐར་རྩིས་ཀྱི་ཆེད་ལས་སློབ་གྲྭ་ལྟ་བུ་ཞིག་ཡིན་པ་《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》སུ་འཁོད་ཡོད་པ་ལྟར་ཡིན། བླ་བྲང་ནས་དུས་འཁོར་གྲྭ་ཚང་བཙུགས་པའི་ཤུགས་རྐྱེན་འོག མདོ་སྨད་ཀྱི་དགོན་སྡེ་ཁག་གཅིག་ནས་ཀྱང་སྔ་རྗེས་སུ་དུས་འཁོར་གྲྭ་ཚང་སོགས་བཙུགས་པ་དཔེར་ན། སྤྱི་ལོ་༡༧༧༣ལོར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་རེབ་གོང་རོང་བོ་དགོན་པར་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་ཞེས་པ་དང་། སྤྱི་ལོ་༡༨༠༢ལོར་བྱ་ཁྱུང་དགོན་པས་སྤྱི་ལོ་༡༧༩༧ལོར་བཙུགས་པའི་སྨན་པ་གྲྭ་ཚང་དེ་དུས་འཁོར་གྲྭ་ཚང་དུ་བསྒྱུར་བ། སྤྱི་ལོ་༡༨༡༧ལོར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་རབས་ཞེ་ལྔ་པ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཆོའི་དགོངས་བཞེད་ལྟར་དུས་འཁོར་རིགས་ལྡན་བློ་གསལ་གླིང་ཞེས་པ་སོགས་བཙུགས་པ་ལྟ་བུའོ། གཞན་སྟོང་འཁོར་དང་།  ལྷ་མོ། དགོན་ལུང་སོགས་དགོན་པ་ཁག་ཏུའང་སྔ་རྗེས་སུ་དུས་འཁོར་གྲྭ་ཚང་བཙུགས་མྱོང་མོད། ཕལ་མོ་ཆེའི་དུས་འཁོར་གྲྭ་ཚང་གི་ལོ་རྒྱུས་ཧ་ཅང་དཀོན་པས་གཞི་རྒྱའི་ཆེ་ཆུང་དང་། སྐར་རྩིས་འཆད་ཉན་དང་ལག་ལེན་ཐད་ཀྱི་གནས་ཚུལ་གསལ་པོ་ཞིག་འདིར་འགོད་ཐབས་བྲལ། གང་ལྟར་《མདོ་སྨད་ཆོས་འབྱུང་》དང་《ཀན་སུའུ་དང་མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་》ཞེས་པ། གཞན་ལག་སོན་བྱུང་བའི་མདོ་སྨད་དགོན་སྡེ་ཁག་གི་གདན་རབས་སོགས་ལ་གཞིགས་ན། དུས་རབས་བཅོ་བརྒྱད་པ་ནས་བཟུང་མདོ་སྨད་ཀྱི་བྱང་ཕྱོགས་སྐུ་འབུམ་དང་བྱ་ཁྱུང་ནས་ལྷོ་ཕྱོགས་བླ་བྲང་བཀྲ་ཤིས་འཁྱིལ་དང་རོང་བོ་དགོན། ཤར་ཕྱོགས་ཅོ་ནེ་དགོན་སོགས་ཨ་མདོའི་དགོན་སྡེ་མང་པོར་དུས་འཁོར་གྲྭ་ཚང་བཙུགས་ཡོད་པ་གསལ་པོ་ཡིན། བླ་བྲང་གི་ཀྱེེ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་ནི་རྒྱ་རྩིས་འཆད་ཉན་དང་ལག་ལེན་བྱེད་ས་ཞིག་ཡིན་ཞིང་། དེ་ནི་སྤྱི་ལོ་༡༨༧༩ལོར་ཀུན་མཁྱེན་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་བཙུགས་གནང་བ་ཞིག་རེད། དེ་ལྟར་རྩིས་སྨན་གྱི་གྲྭ་ཚང་ཟུར་དུ་བཙུགས་པ་དེ་ནི་བོད་ཀྱི་སློབ་གསོའི་ལོ་རྒྱུས་ཐོག་གི་བསྒྱུར་བཅོས་ཆེན་པོ་ཞིག་དང་འཕེལ་རྒྱས་གསར་པ་ཞིག་ཡིན་པར་ཁོ་བོས་འདོད། གོང་ཞུས་སློབ་གྲྭའམ་གྲྭ་ཚང་དེ་དག་ནི་བོད་ཀྱི་སྐར་རྩིས་རིག་པ་སློབ་གཉེར་དང་ཞིབ་འཇུག ལོ་ཐོ་རྩོམ་སྒྲིག་བྱེད་སའི་ལྟེ་གནས་ཡིན་པས། བོད་ཀྱི་ལོ་རྒྱུས་སྟེང་སྐར་རྩིས་ཀྱི་ཆེད་གཉེར་མི་སྣ་གསོ་སྐྱོང་དང་། རྩིས་གཞུང་ཕྱོགས་བསྡུས་དང་རྩོམ་བསྒྱུར། ལོ་ཐོ་འདོན་སྤེལ་བཅས་ཀྱི་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
བཞི་པ།  གནམ་དཔྱད་དུས་བརྟག་གི་མྱོང་རྩིས་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་པ།
         མྱོང་རྩིས་སམ་གནམ་དཔྱད་དུས་བརྟག་གི་རྩིས་ནི་བོད་ཀྱི་ཡབ་མེས་ཚོས་དུས་ཡུན་རིང་པོའི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་དང་། རླུང་སྤྲིན་གྱི་རྒྱུ་ཚུལ། འཇའ་ཚོན་དང་སྨུག་པ། འབྲུག་སྒྲ་གློག་ཞགས་སོགས་རང་བྱུང་ཁམས་ཀྱི་བྱ་དངོས་མང་པོའི་སྣང་ཚུལ་དང་དེ་འབྲེལ་གྱི་ལྟས་རྟགས་སྣ་ཚོགས་ལ་བརྟེན་ནས་དུས་ཀྱི་འགྱུར་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག རང་བྱུང་གི་གནོད་འཚེ་སོགས་ལ་བརྟག་པའི་རིག་པ་ཞིག་སྟེ། དེས་གནའ་ནས་ད་བར་བོད་ཁུལ་གྱི་ཞིང་པའི་ས་བོན་འདེབས་བཀོལ་དང་།  ཞིང་ཆུ་འདྲེན་གཏོང་། འབྲུ་རིགས་བསྡུ་ལེན་སོགས་དང་།  འབྲོག་པའི་བེའུ་ལུ་གུའི་སྐྱེ་བསུ། རུ་བ་སྐྱས་སྤོས་སོགས་རོང་འབྲོག་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མཐུན་རྐྱེན་བསྐྲུན་དང་སྐྲུན་བཞིན་པ་དང་།  མཛུབ་སྟོན་གྱི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད། མྱོང་རྩིས་ཀྱི་བརྟག་བྱ་ནི་དེང་གི་གནམ་གཤིས་རིག་པ་དང་སྐྱེ་དངོས་དུས་བརྟག་རིག་པ་སོགས་དང་ཀུན་ནས་མཚུངས་ཕྱིར། དེའི་བརྟག་ཐབས་དང་བརྟག་འབྲས་མང་པོའང་གནས་ལུགས་དང་མཐུན་ཞིང་། ཚན་རིག་གིས་འགྲེལ་བཤད་རྒྱག་ཐུབ་པས། དེང་སྐབས་ཀྱང་བོད་ཀྱི་རོང་འབྲོག་ས་ཁུལ་དུ་དར་སོ་ཆེ་ཞིང་བོད་ཀྱི་ལོ་ཐོའི་གྲུབ་ཆ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།
         དམངས་ཁྲོད་ཀྱི་ངག་ཐོག་དང་བློ་ངོར་རྒྱུན་འཛིན་དང་ཉར་ཚགས་བྱས་ཤིང་། དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་མྱོང་རྩིས་ཀྱི་རིགས་འཚོལ་སྡུད་ཀྱིས་ཐོག་མར་ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་ནི་སྤྱི་ལོ་༡༣༡༨ལོར་འདེད་ཆོག་སྟེ། ཀརྨ་པ་རང་བྱུང་རྡོ་རྗེའི་《རྩིས་རིག་ཀུན་བཏུས་》སུ་དམངས་ཁྲོད་ནས་འཚོལ་སྡུད་བྱས་པའི་གནམ་དཔྱད་དུས་བརྟག་གི་ཤེས་བྱའི་སྐོར་འཁོད་ཡོད་པ་དང་། སྤྱི་ལོ་༡༤༢༥ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་《རྩིས་རིག་ཀུན་བཏུས་》རྨང་གཞིར་མཛད་ཐོག གནའ་བོའི་བྱ་ཞག་བརྩི་བ་སོགས་མྱོང་རྩིས་འབའ་ཞིག་འཚོལ་སྡུད་ཀྱིས་ལོ་ཐོར་བཀོད་པའི་སྲོལ་ཕྱེ་བ་ལས་རྟོགས་ཐུབ། དགའ་ལྡན་ཕོ་བྲང་གི་སྐབས་སུ་མྱོང་རྩིས་འཚོལ་སྡུད་དང་ལེགས་སྒྲིག ཕྱོགས་བསྡུས་ཀྱིས་ཡིག་ཐོག་ཏུ་འགོད་པར་གཙིགས་ཆེན་བྱས་ཡོད་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཆོའི་《བེ་དཀར་》རུ།  “རྟགས་ཕྲན་སྣ་ཚོགས་ཀྱི་སྐོར”ཞེས་ཉ་དྲུག་བརྟག་པ་དང་། རྨེ་བདུན་བརྟག་པ། ཟླ་བ་ཉི་ཁྱིམ་གྱི་བཤད་པ་སོགས་ཉི་ཟླ་གཟའ་སྐར་གྱི་བརྟག་པ་སྣ་ཚོགས་དང་། བྱ་ཞག་བརྩི་བ། དུས་ཀྱི་བ་མོར་བརྟག་པ། ཁ་ཆར་ལ་བརྟག་པ། འབྲུག་སྐད་དང་གློག་འོད་ལ་བརྟག་པ་སོགས་གནམ་དཔྱད་དུས་བརྟག་གི་ཤེས་བྱ་མང་པོར་རིགས་ཕྱེ་ནས་བཀོད་ཡོད་པ་ལས་ཤེས་ཐུབ། སྐབས་དེར་བོད་ཀྱི་ཡུལ་དུས་དང་འཚམ་པའི་དུས་བརྟག་གནམ་དཔྱད་གཏན་ལ་ཕབ་སྟེ་ལོ་ཐོའི་ནང་བཀོད་པ་སོགས། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན། ས་ཁུལ་གྱི་ཁྱད་ཆོས་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཆ་ནས་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། དེ་དག་གིས་ཕྱིས་བོད་ཀྱི་མྱོང་རྩིས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བྲལ་བའི་དཔྱད་གཞི་ཕུན་སུམ་ཚོགས་པོ་འདོན་སྤྲོད་བྱས་ཡོད། དམངས་ཁྲོད་ཀྱི་མྱོང་རྩིས་མང་པོ་འཚོལ་སྡུད་དང་ཕྱོགས་བསྡུས་བྱས་ཏེ་ཡིག་ཐོག་ཏུ་བཀོད་པ་དེ་ཡང་དགའ་ལྡན་ཕོ་བྲང་གི་སྐབས་སུ་བོད་ཀྱི་སྐར་རྩིས་རིག་པ་ཡར་རྒྱས་གོང་འཕེལ་སོང་བའི་རྟགས་སུ་མངོན།
         མདོར་ན། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་མཚུར་ཕུག་ལུགས་གཉིས་བོད་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མ་ཟད། དམངས་ཁྲོད་ཀྱི་གནམ་དཔྱད་དུས་བརྟག་གི་ཤེས་བྱ་འཚོལ་སྡུད་དང་སྲེག་བཅད་བརྡར་གསུམ་ལ་བརྟེན་ནས་ཡིག་ཐོག་ཏུ་འགོད་པར་མཐོང་ཆེན་དང་། གཞན་རྒྱ་ནག་གི་ས་གླང་བརྟག་ཐབས་དང་།  མིང་རྒྱལ་རབས་ཀྱི་མཇུག་ཏུ་ནུབ་ཕྱོགས་ནས་དར་བའི་གནམ་རིག་སྐར་རྩིས་ཏེ། ཡོངས་གྲགས་སུ་རྒྱ་རྩིས་སུ་འབོད་པའི་ཉིང་བཅུད་སོགས་བསྡུ་ལེན་གང་ལེགས་བྱས་ཤིང་། ཁྱད་པར་སྐར་རྩིས་རིག་པར་སློབ་གཉེར་དང་ཞིབ་འཇུག་བྱེད་སའི་ཚན་ཁག་བཙུགས་ཏེ་དུས་འཁོར་སྐར་རྩིས་དང་རྒྱ་རྩིས་རྒྱ་ཆེར་སྤེལ་བས། རིག་པ་དེའི་རྗེས་འཛིན་མཁས་པ་དང་རྩིས་གཞུང་མང་དུ་བྱུང་བ་སོགས། བོད་ཀྱི་སྐར་རྩིས་རིག་པ་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་པ་རེད། །
         ལུང་འདྲེན་དཔྱད་ཡིག
         ①《བསྟན་རྩིས་ཀུན་ལས་བཏུས་པ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༢ལོ། དེབ་ངོས་༢༡༥
         ②黄明信、陈久金:《藏历原理与实践》民族出版社,1988 年,317 页。
         ③《唐》房玄龄:《晋书》(第十一卷,第2 册) 中华书局出版社,2011年,284 页。
         ④欧阳修等:《新唐书•职官志》(第4 册) 中华书局出版社,1975 年,1215页。
         ⑤元脱脱等撰:《宋史》(第四十八卷,第 4 册) 中华书局出版社,2011年,950 页。
         ⑥黄明信:《西藏的天文历算》青海人民出版社,2002 年,91页。
         ⑦陈遵妫:《中国天文学史》(第一册)上海人民出版社,2006 年,235 页。
         ⑧ཧོར་ཁང་བསོད་ནམས་དཔལ་འབར། 《དེ་སྔའི་བོད་ཀྱི་སློབ་གསོའི་གནས་ཚུལ་》ཞེས་པ་ནི་《བོད་ལྗོངས་ཞིབ་འཇུག་》༡༩༩༣ལོའི་བོད་ཡིག་དུས་དེབ་གསུམ་པར་གསལ།
         ⑨觉乃•洛桑丹珠、冰角•婆帕次仁:《安多古刹禅定寺》甘肃民族出版社,1995 年, 51页。
         དཔྱད་གཞིའི་ཡིག་ཆ།
         ༡ སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《ཕུག་ལུགས་རྩིས་ཀྱི་ལེགས་བཤད་པེེཌཱུརྱ་དཀར་པོ་》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༧ལོ།
         ༢ བྱམས་པ་འཕྲིན་ལས་སོགས། 《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོ།
         ༣ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས 《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ།
         ༤ ཡུམ་པ། 《རྩིས་རིག་ལ་འཇུག་པའི་སྒོ་》མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ།
         ༥  陈久金、杨怡:《中国古代的天文与历法》中国国际广播出版社,2010 年。
         ༦ 蒲文成主编:《甘青藏传佛教寺院》青海人民出版社,1990 年。
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1