ཞི་ཅིན་ཕིང་གིས་ཧུའུ་པེར་རིམས་འགོག་ལས་དོན་ཐད་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-12



       ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་རྟོག་ཞིབ་གནང་ནས། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་ལས་དོན་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ། གྲོང་མི་མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་བ། 
       ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་10ཉིན་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་རྟོག་ཞིབ་གནང་ཡོད། ཁོང་གིས། ཧུའུ་པེ་དང་ཝུའུ་ཧན་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཡུལ་ཞིག་རེད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡོད། དུས་སྐབས་འདི་འདྲའི་སྐབས་སུ། དེ་ཙམ་གྱིས་རིག་པ་དྭངས་གསལ་བྱེད་དགོས་པ་དང་། དེ་ཙམ་གྱིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱེད་པ། དེ་ཙམ་གྱིས་ཡང་འབད་བསྐྱར་འབད་དང་ལས་དོན་སྒྲུབ་མཁས་པོ་བྱས་ཏེ། མུ་མཐུད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོ་དང་ཆེས་གལ་ཆེ་བའི་ལས་དོན་དུ་བརྩིས་ཐོག བག་གཡེང་མི་བྱེད་པ་དང་། སུན་སྣང་མི་མི་བྱེད་པ། སྣང་ཆུང་དང་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ཧུའུ་པེ་སྲུང་སྐྱོབ་ཀྱི་དམག་འཐབ་དང་། ཝུའུ་ཧན་སྲུང་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་ཡོད།

       ཞི་ཅིན་ཕིང་གིས། འཐབ་རྩོད་དྲག་པོ་འདིའི་ཁྲོད་ཧུའུ་པེའི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་གདོང་མཆོང་བྱེད་པ་དང་། དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྨན་དོན་ལས་དོན་པ་དང་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་མིས་ཉེན་ཁར་མི་འཛེམ་པ་དང་།  མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཚོས་བཀའ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་དཀའ་ཉེན་ལ་མི་སྐྲག་པ་དང་། འཐབ་ས་དང་པོ་བརྟན་སྲུང་བྱེད་པ། རྒྱ་ཆེའི་མང་ཚོགས་རྣམས་ནས་ཀུན་སེམས་གཅིག་སྒྲིལ་དང་ཧུར་ཐག་ཞུགས་པ་བཅས་ཀྱི་ཐོག་ནས་བསྟོད་གླུ་འབུལ་འོས་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་མང་པོ་བཞག་ཡོད་ཅེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་གིས། འཐབ་རྩོད་དྲག་པོ་དེའི་ནང་ཝུའུ་ཧན་མི་དམངས་ཀྱིས་ཁྱོན་ཡོངས་ལ་བསམ་ཤེས་དང་། ཁྱོན་ཡོངས་ལ་ལྟ་རྟོག དཀའ་ཉེན་ལ་མི་སྐྲག་པ། སྙིང་རུས་ཆེན་པོས་མགོ་མི་སྒུར་བ། རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ཀྱི་དགོས་མཁོར་བསྟུན་པ། རང་འགུལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཞུགས་པ་བཅས་ཀྱི་ཐོག་ནས་ལེགས་སྐྱེས་གལ་ཆེན་ཕུལ་བས། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱིས་ཝུའུ་ཧན་མི་དམངས་ཀྱི་བློ་བརྟན་འགྱུར་མེད་དང་ཡ་རབས་སྤྱོད་བཟང་མཐོང་ཐུབ་པ་བྱུང་ཡོད། ཝུའུ་ཧན་མི་དམངས་ལ་བློས་གཏོང་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་ཡོད་པ་དང་།  ཝུའུ་ཧན་མི་དམངས་ལ་རྒྱུན་འཁྱོངས་དང་འབད་བརྩོན་གྱི་སྙིང་སྟོབས་ཡོད་པའི་དབང་གིས། གཞི་ནས་ད་ལྟའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགེ་མཚན་ལྡན་པའི་འཕེལ་ཕྱོགས་ཡག་པོ་དེ་ཐོན་པ་རེད། ཝུའུ་ཧན་མི་དམངས་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས་མངོན་པར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རམས་འདེགས་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། ཝུའུ་ཧན་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་གྲོང་ཁྱེར་དང་། ཝུའུ་ཧན་མི་དམངས་ནི་ངོ་གནོང་མི་དགོས་པའི་དཔའ་བོའི་མི་དམངས་ཡིན་པས། ད་ཐེངས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་པ་བརྒྱུད་སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མས་ཁྱེད་ཚོརབསྔགས་བརྗོད་དང་ཡི་རངས་བྱེད་ཀྱི་ཡོད། ཏང་དང་མི་དམངས་ཀྱིས་ཝུའུ་ཧན་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད། 
       ཞི་ཅིན་ཕིང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་དང་དེ་བཞིན་ཕྱོགས་ཁག་གི་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་དང་། གདོན་ནད་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་ཁོང་ཚོའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་ཤོར་མཁན་གྱི་ཁྱིམ་མི། འདས་པོའི་ཁྱིམ་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་གནང་བ། རིམས་ནད་དེའི་ནང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་རང་སྲོག་བློས་གཏོང་མཁན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་གནང་ཡོད། 
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྟོག་ཞིབ་ནང་ཞུགས་ཡོད་པ་རེད། 

 

       ཞི་ཅིན་ཕིང་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་ཐུགས་ཁུར་གནང་བཞིན་ཡོད། གནམ་གྲུ་ནས་བབས་མ་ཐག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སུན་ཁྲུན་ལན་དང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིང་ཡུང་། ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཝུའུ་ཧན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲུང་ལིན་བཅས་ཀྱི་ཕེབས་རོགས་འོག་རླངས་འཁོར་ལ་བཞུགས་ཏེ་ནད་གཞི་ཚབས་ཆེ་བའི་ནད་པ་གཅིག་བསྡུས་ཉར་བཅོས་བྱེད་པའི་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཕེབས་གནང་བ་རེད། 
       ཧོ་ཧྲེན་ཧྲན་སྨན་ཁང་བཀོད་འདོམས་ལྟེ་གནས་སུ་ཞི་ཅིན་ཕིང་གིས་སྨན་ཁང་འཛུགས་སྐྲུན་འཁོར་སྐྱོད་དང་། ནད་པ་ཉར་བཅོས། སྨན་དོན་མི་སྣའི་འགོག་སྲུང་འགན་ལེན། ཚན་ཞིབ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་ཡོད། ཞི་ཅིན་ཕིང་གིས། རིམས་ནད་ཐོན་པ་ནས་བཟུང་། དམག་དཔུང་ཚུད་པའི་རྒྱ་ཆེའི་སྨན་དོན་ལས་དོན་པས་དཀའ་སྡུག་མྱོང་ཐུབ་པ་དང་། དམག་འཐབ་བྱེད་ནུས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཧུའུ་པེ་དང་ཝུའུ་ཧན་དུ་བསྐྱོད་པ་དང་། འཇིགས་སྐྲག་སྤུ་ཙམ་ཡང་མེད་པར་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ནང་བཞུགས་ཏེ། ཉིན་མཚན་བལྟོས་མེད་ཀྱིས་འབད་འཐབ་བྱེད་པ། རང་སྲོག་བློས་གཏོང་ལ་མི་འཛེམ་པ། མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་བ། ལས་འགན་ལ་ངོ་མི་གནོང་བ་བྱེད་པ་བཅས་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་གདོན་ནད་དང་འགྲན་རྩོད་བྱས་ནས་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དམག་དཔུང་གི་སྨན་དོན་མི་སྣས་རང་དམག་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་བསྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ་བཅས་བྱས་ཏེ་ཏང་དར་དང་དམག་དར་ལ་གཟི་བརྗིད་བསྣན་ཡོད། ཉེན་ཁའི་གནས་ཚུལ་འཕྲད་པས་ན། དཔའ་བོའི་རང་མདངས་ལྷག་ཏུ་མངོན། ཁྱེད་ཚོས་ནད་བཅོས་སྲོག་སྐྱོབ་དང་བརྩེ་སེམས་ལ་མུ་མཐའ་མེད་པ་དངོས་སུ་ལག་ལེན་ཐུབ་ཡོད། ཁྱེད་ཚོ་ནི་འོད་སྣང་གི་ཕོ་ཉ་དང་། རེ་བའི་ཕོ་ཉ་ཡིན་ལ། ཆེས་མཛེས་སྡུག་ལྡན་པའི་ཕོ་ཉ་དང་དཔའ་བོ་ངོ་མ་ཡང་ཡིན། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་ནས་རྒྱང་ཁྲིད་མཉམ་བསྡུས་ནད་དཔྱད་ལས་སྟེགས་བརྒྱུད་དེ་ནད་ཁུལ་དུ་ལས་ཀ་བྱེད་བཞིན་པའི་སྨན་དོན་མི་སྣའི་འཐུས་མི་དང་བརྙན་ལམ་སྦྲེལ་མཐུད་གནང་སྟེ་ལས་དོན་དང་འགན་ལེན་གནས་ཚུལ་ཐད་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། འཐབ་ས་དང་པོའི་སྨན་དོན་ལས་དོན་པ་ནི་དཀའ་ཚེགས་ཆེ་ཤོས་ཡིན་ལ། ཁོང་ཚོར་བསམ་ཡུལ་ལས་འདས་པའི་ལུས་སེམས་གཉིས་ཀྱི་གནོན་ཤུགས་འཕྲད་ཡོད། བློ་མཐུན་མང་པོ་ཞིག་གི་ངོ་གདོང་དང་ལག་པར་རྨ་ཁ་བཟོས་ཡོད་པ་དེ་ནི་མི་སེམས་འགུལ་འོས་པ་ཞིག་ཡིན་ལ། ཁོང་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པ་ཤ་སྟག་ཡིན། ངས་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རྒྱ་ཆེའི་སྨན་དོན་མི་སྣར་རང་ངོས་འགོག་སྲུང་དང་གོ་སྐབས་དམ་འཛིན་གྱིས་ངལ་གསོ་ཡག་པོ་བརྒྱབ་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་འགན་ལེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། གླ་ཕོགས་ཐོབ་ཆ་དང་། སྐབས་འཕྲལ་རང་བཞིན་གྱི་གླ་ཕོགས་ཁ་གསབ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་ཐོབ་ཆ་བཅས་དོན་འཁྱོལ་ཡག་པོ་བྱེད་པ། འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་འདོན་པ། ཚང་མའི་སེམས་ཁྲལ་སེལ་རོགས་བཅས་བྱས་ནས། ཚང་མ་སེམས་ཤུགས་ཀྱིས་ཁེངས་པའི་ངང་ལས་ཀའི་ནང་ཞུགས་རྒྱུར་འགན་ལེན་བྱ་དགོས་ཞེས་མངགས་བཅོལ་ནན་པོ་གནང་ཡོད། 
       ཞི་ཅིན་ཕིང་ནས་ཡང་འགོས་ནད་ཚན་ཁག་གི་ནད་ཁང་དང་དྲ་ཐོག་ནས་སྦྲེལ་མཐུད་གནང་སྟེ། སྨན་བཅོས་དང་ལེན་བྱེད་བཞིན་པའི་ནད་པ་དང་བཀའ་མོལ་གནང་བ་དང་། ཁོ་ཚོའི་ནད་གཞི་དང་སྨན་བཅོས་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཁོ་ཚོར་སྨན་བཅོས་ཡག་པོ་བྱུང་བ་དང་ནད་གཞི་ཇེ་དྲག་དུ་འགྲོ་བཞིན་པ་མཁྱེན་རྗེས་དགྱེས་ཚོར་ཆེན་པོ་གནང་ཡོད། ཞི་ཅིན་ཕིང་གིས། རིམས་ནད་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཐོག་མ་ཉིད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། ཏང་ཀྲུང་དབྱང་གིས་བཟུང་བའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཚང་མ་ནི་དང་ཐོག་ནུས་ཤུགས་ཡོད་རྒུས་མང་ཚོགས་དེ་བས་མང་བར་འགོས་ཁྱབ་མི་ཡོང་བ་བྱེད་པ་དང་ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་གང་ཐུབ་བྱེད་པ་དེ་ཡིན། རྒྱལ་ཡོངས་མི་དམངས་ཚང་མས་ཁྱེད་ཚོར་སེམས་ཁུར་བྱེད་བཞིན་ཡོད། སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་ཚང་མར་སྨན་བཅོས་བྱེད་དགོས་པ་དང་། ཕྱོགས་གང་ས་ཅི་ཐད་ནས་འགོས་ནད་ཕོག་པའི་མང་ཚོགས་ལ་སེམས་ཁུར་དང་ཁོང་ཚོའི་ནང་མིར་ལྟ་རྟོག་ཡག་པོ་བྱས་ཐོག ནད་པ་བློ་བདེ་པོའི་ངང་སྨན་བཅོས་བྱེད་དུ་འཇུག་དགོས། ཁྱེད་ཚོས་ཀྱང་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བཅངས་ནས་སྤྲོ་སྣང་ལྡན་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་དང་། རང་འགུལ་ངང་སྨན་པའི་ངག་ལ་ཉན་པ། སྨན་བཅོས་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ཚེ། གདོན་ནད་ལས་རྣམ་པར་རྒྱལ་བར་ཕན་ཐོགས་ཡོད་ཅེས་གསུངས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོ་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད། 

 

       སྨན་ཁང་གི་གཞུང་ལས་ཐོག་ཁང་གི་ཕྱི་རོལ་ཐང་ཆེན་དུ། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དང་དམག་དཔུང་། ས་ཕྱོགས་གཞན་ནས་ཧུའུ་པེར་རོགས་སྐྱོར་བྱེད་པར་ཡོང་བའི་སྨན་དོན་མི་སྣའི་འཐུས་མིར་མཇལ་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས། ཧུའུ་པེ་དང་ཝུའུ་ཧན་མི་དམངས་ལ་ནད་ཡམས་ཚབས་ཆེན་ཕོག་པའི་འགག་རྩའི་དུས་སུ། རྒྱ་ཆེའི་སྨན་དོན་ལས་དོན་པས་བློ་བརྟན་འགྱུར་མེད་དང་སྙིང་རུས་ཆེན་པོས་འབད་འཐབ་བྱེད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཐོག་ནས། སྨན་པའི་བྱམས་སེམས་ཀྱི་བླ་མེད་སྙིང་སྟོབས་དང་དུས་རབས་གསར་པའི་སྨན་དོན་ལས་དོན་པའི་གཟུགས་བརྙན་བཟང་པོ་མངོན་ཡོད། དེས་ཀྲུང་གོར་སེམས་འགུལ་ཐེབས་པ་མ་ཟད་འཛམ་གླིང་ལ་ཡང་སེམས་འགུལ་ཆེན་པོ་ཐེབས་ཡོད། མིག་སྔར་རིམས་ནད་མཆེད་ཚུལ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་པ་དང་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད། འདི་ནི་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ཁྱེད་ཚོ་ནི་བྱས་རྗེས་ཆེ་ཤོས་འཇོག་མཁན་ཡིན་པས། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་བྱས་རྗེས་རིམ་པ་དང་པོ་འགོད་ངེས་ཡིན། ཏང་ཀྲུང་དབྱང་དང་ཕྱོགས་ཁག་གིས་སྔར་རྒྱུན་བཞིན་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། སྔར་རྒྱུན་བཞིན་ནུས་ཤུགས་ཡོད་རྒུས་སྨན་བཅོས་དངོས་ཟོག་རོགས་སྐྱོར་བྱས་ནས་ཚང་མའི་སེམས་ཁྲལ་སེལ་རྒྱུ་རེད། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་གནས་པ་དང་ནམ་ཡང་ཁྱེད་ཚོའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་དེ་འགག་རྩའི་དུས་སུ་སླེབས་པས། སེམས་ནུས་གཅིག་ཏུ་སྒྲིམ་དགོས་པ་ལས་ལྷོད་གཡེང་རྩ་བ་ནས་གཏོང་མི་རུང་། དཔའ་ངར་ཆེར་སྐྱེད་ཀྱིས་མཐའ་འཁྱོངས་བྱེད་པ་དང་། ཐེག་ཐུབ་པ། སྲུང་ཐུབ་པ་བཅས་བྱ་དགོས་པ་ལས། རྐང་རྗེས་ལག་སུབ་བྱ་མི་རུང་། སྨན་དོན་མི་སྣའི་བདེ་ཐང་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་འགན་སྲུང་གལ་ཆེན་ཞིག་ཡིན། བློ་མཐུན་མང་པོ་ཞིག་གིས་འདི་གར་ཟླ་བ་གཅིག་ལྷག་ཙམ་འབད་འཐབ་བྱས་ཡོད་པས། ངལ་དུབ་ཆེན་པོ་བྱུང་ཡོད། ཁྱེད་ཚོས་ངལ་གསོ་ཡག་པོ་རྒྱག་པ་དང་། ལྟོ་ཆས་ཡག་པོ་བཟས་ནས་གཟུགས་པོར་བདག་སྐྱོང་བྱ་རྒྱུའི་རེ་བ་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཚང་མའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། འགོག་སྲུང་འགན་ལེན་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ལས་རེས་དང་ངལ་གསོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འཐབ་ས་དང་པོའི་སྨན་དོན་མི་སྣའི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་གང་ཐུབ་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 
       ཧོ་ཧྲེན་ཧྲན་སྨན་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཏུང་ཧུའུ་ཤིན་ཁྲེང་སྡེ་ཁུལ་དུ་ཕེབས་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་དང་རིམས་འགོག སྡེ་ཁུལ་གྱི་ཞབས་ཞུ། མང་ཚོགས་ཀྱི་འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། རིམས་ནད་ཐོན་པ་ནས་བཟུང་། སྡེ་ཁུལ་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་པ་32གཏན་འཁེལ་བྱུང་བ་དང་། བཀག་སྡོམ་རྣམ་པའི་དོ་དམ་ཚོད་འཛིན་དང་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་པ་བརྒྱུད་ཟླ་ཕྱེད་ལྷག་ཙམ་རིང་ནད་དཔེ་གསར་པ་མི་ཐོན་པ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཁྱིམ་དུ་ལོགས་སུ་བཀར་ནས་སྡོད་མཁན་གྲོང་མི་ཚོས་ཉི་གཡབ་དང་སྒེའུ་ཁུང་ནས་སྤྱི་ཁྱབ་ཧྲུའུ་ཅིར་སྐད་གསང་མཐོན་པོས་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་ནས་ཚང་མར་ཕྱག་གཡུག་གནང་ནས་གུས་ལན་དང་འཚམས་འདྲི་གནང་བ་རེད། 
       སྡེ་ཁུལ་གྱི་འཚོ་བའི་དངོས་ཟོག་གཅིག་སྡུད་སྡེབ་སྐྱེལ་ས་ཚིགས་སུ། ཞི་ཅིན་ཕིང་གིས་འབྲས་དང་གྲོ་ཞིབ། སྣུམ། སྔོ་ཚལ་དང་ཤིང་འབྲས་སོས་པ་སོགས་འཚོ་བའི་དངོས་ཟོག་ཉོ་སྒྲུབ་དང་མཁོ་སྤྲོད་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་གསུངས་གནང་ཡོད། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་དང་། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས། སྡེ་ལས་ལྟེ་གནས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་རྗེས། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་སྡེ་ཁུལ་དུ་དྲ་མིག་ཅན་གྱི་དོ་དམ་དང་། མཉམ་འགོག་མཉམ་འཛིན། མཉམ་འགོག་མཉམ་བཅོས་བཅས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་ཁོང་ཚོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཡོད། 
       སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ལས་དོན་པ་དང་། གཞི་རིམ་གྱི་མི་དམངས་ཉེན་རྟོག་པ། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་སྨན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་སོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་སྡེ་ཁུལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད་པས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་མཁན་བློ་མཐུན་ཚོའི་ལས་དོན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཚང་མས་ཉིན་མཚན་བལྟོས་མེད་དང་། ངལ་བ་ཁྱད་བསད། བློ་རྩེ་གཅིག་སྒྲིམ་བཅས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། རིམས་ནད་མཆེད་རྒྱུ་བཀག་འགོག་དང་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས། ཝུའུ་ཧན་གྱི་ཏང་ཡོན་དང་ལས་བྱེད་པས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་སྙིང་སྟོབས་མངོན་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པར་གཡུལ་ས་གཉིས་ཡོད་དེ། གཅིག་ནི་སྨན་ཁང་གི་ནད་བཅོས་སྲོག་སྐྱོབ་བྱེད་ས་ཡིན་པ་དང་། གཅིག་ནི་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ས་ཡིན། རྒྱུན་འཁྱོངས་ལྷོད་མེད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་སྡེ་ཁུལ་ལ་བརྟེན་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྡེ་ཁུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྔོན་འགོག་ཚོད་འཛིན་སྟོབས་ཤུགས་སྡེ་ཁུལ་དུ་གཤམ་སྐྱོད་བྱེད་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་མི་དམངས་ལ་དམ་པོར་བརྟེན་དགོས། གཏིང་ཟབ་ཅིང་ཞིབ་ཚགས་པའི་མང་ཚོགས་ལས་དོན་ཡག་པོ་བསྒྲུབས་པ་དང་མང་ཚོགས་སྐུལ་སློང་བྱས་ཏེ་མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཤིག་སྐྲུན་དགོས་ཞེས་ནན་སྟོན་གནང་ཡོད། 

 

        ས་ཆ་དངོས་སུ་རྟོག་ཞིབ་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དང་། ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྙན་ཞུ་གསན་པ་རེད། 
       སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་དང་། ཆེས་ཁྱོན་ཡོངས་དང་། ཆེས་ནན་པོ། ཆེས་མཐར་ཕྱིན་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་རིམས་ནད་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་བཅས་ཀྱིས་སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་འགྱུར་ལྡོག་གང་ལེགས་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དུས་བབ་བརྟན་ལྷིང་གི་རྣམ་པ་སྒྱུར་བའི་དམིགས་འབེན་ཐོག་མའི་ཆ་ནས་མངོན་འགྱུར་བྱུང་ཡོད། མིག་སྔར་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་བ། ཉམས་སད་ཐེག་པ་བཅས་བྱས་ཏེ་སྤྱོད་ཚུལ་དེ་བས་ནན་པོ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
       ཞི་ཅིན་ཕིང་གིས། སྨན་བཅོས་སྐྱོབ་བཅོས་ལས་དོན་དེ་ཨང་དང་པོར་བཞག་ནས་ཚན་རིག་དང་མཐུན་པའི་གནད་སྨིན་སྐྱོབ་བཅོས་ཐད་ཤུགས་སྣོན་བརྒྱབ་སྟེ་དྲག་སྐྱེད་ཐུབ་ཚད་མཐོ་རུ་གཏོང་གང་ཐུབ་དང་འདས་གྲོངས་འགྲོ་ཚད་ཉུང་དུ་གཏོང་དགོས། གཅིག་སྡུད་བཞིའི་བྱ་ཐབས་སྔར་བས་དོན་འཁྱོལ་བྱས་ཏེ་བཟང་ཆ་ལྡན་པའི་སྨན་བཅོས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གཅིག་སྡུད་ཀྱིས་ནད་པར་སྨན་བཅོས་བྱེད་པ་དང་། ཞིབ་འཇུག་གསར་སྤེལ་དང་གདམ་གསེས་བྱས་པའི་ནུས་ལྡན་སྨན་རྫས་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་བཏང་ནས་སྐྱོབ་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས། སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཐོན་སྐྱེད་དང་། མཁོ་སྤྲོད། བཀོད་གཏོང་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྨན་ཁང་ནས་ཐོན་པའི་ནད་པའི་ལུས་གསོའི་སྨན་བཅོས་ལས་དོན་ཡག་པོ་སྒྲུབ་དགོས། སྨན་བཅོས་སྟོབས་ཤུགས་དང་སྨན་བཅོས་ཐོན་ཁུངས་གཅིག་གྱུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ནད་པ་གཞན་དག་གི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོར་ལྟ་རྟོག་བྱས་ཏེ་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་དགོས་ཞེས་བསྟན་གནང་ཡོད། 
       ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གཙོ་གནད་ནི་སྔོན་འགོག་ལ་རག་ལས་ཡོད། ད་ལྟ་འགག་རྩའི་དུས་སུ་སླེབས་པས། ངེས་པར་དུ་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱ་དགོས། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་། མི་དམངས་མང་ཚོགས་སྐུལ་སློང་གང་ལེགས་བྱས་ཏེ། མང་ཚོགས་རང་གིས་རང་ལ་ཞབས་འདེགས་ཞུ་བ་དང་། རང་ངོས་འགོག་སྲུང་ནུས་པ་ཆེ་རུ་གཏོང་དགོས། འགྲོ་འོང་མི་སྣའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་གཏིང་ཟབ་སྤེལ་དགོས། ནང་ཁུལ་དུ་འགོས་ཁྱབ་སྔོན་འགོག་བྱེད་པ་དང་ཕྱི་རོལ་དུ་མི་འགོས་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་དང་ཆབས་ཅིག བདེ་ཐང་སྲུང་སྐྱོབ་ཡག་པོ་བྱེད་པ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་ནས་གནས་བར་དང་གཅིག་འཐུས་རྣམ་པའི་བྱ་ཐབས་སྤྱད་དེ། ལས་མི་བདེ་འཇགས་ངང་ལས་གནས་སུ་ཕྱིར་ལོག་ཐུབ་པ་བྱེད་པ་དང་ཡུལ་གཞན་དུ་ལུས་པའི་ཧུའུ་པེའི་མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕ་ཡུལ་དུ་ལོག་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས་ཡོད། 

 

       ཞི་ཅིན་ཕིང་གིས། སྨན་བཅོས་སྟོབས་ཤུགས་ཞན་པའི་གྲོང་ཁྱེར་དང་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་རིགས་གཅིག་མཁས་ཅན་ཚོགས་པའི་ནུས་པ་འདོན་སྤེལ་བྱེད་པ། སྐོར་སྐྱོད་ནད་བརྟག་སྨན་བཅོས་དང་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་སོགས་ཀྱི་བྱ་ཐབས་ནུས་ལྡན་ངང་འཚོལ་ཞིབ་བྱས་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་མི་སྣ་དང་གཞི་རིམ་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དགོས་ངེས་ཀྱི་འགོག་སྲུང་དངོས་རྫས་མཁོ་འདོན་བཅས་བྱ་དགོས། མང་ཚོགས་སྐུལ་སློང་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་བྱས་ཏེ། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ཡག་པོ་ཞིག་ཆགས་པ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད།
        ཞི་ཅིན་ཕིང་གིས། དམངས་འཚོ་བརྟན་ལྷིང་བྱུང་ན་མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ། ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་ཚབས་ཆེན་ཕོག་ཁུལ་གྱི་མང་ཚོགས་ལོགས་སུ་བཀར་ནས་དུས་ཡུན་རིང་པོ་དེ་འདྲ་སོང་ཞིང་། སུན་སྣང་བྱེད་པའི་བྱེད་སྟངས་ཁ་ཤས་ལ་བསམ་ཤེས་དང་། བཟོད་སྒོམ། ཁོང་ཡངས་བཅས་བྱས་ཏེ་ཕྱོགས་ཁག་གི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་གཞིགས་གང་ལེགས་དང་། ཚོང་རའི་དགོས་མཁོ་དང་རིན་གོང་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དམ་ཟབ། འབྲས་དང་གྲོ་ཞིབ། འབྲུ་སྣུམ། ཤ་སྒོང་། འོ་མ་སོགས་འཚོ་བའི་ཉེར་མཁོའི་དངོས་རྫས་མཁོ་འདོན་བྱེད་པར་འགན་སྲུང་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་པའི་ཆེད་ཁྱིམ་དུ་ལོགས་སུ་བཀར་བའི་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་འགན་ལེན་གྱི་འབྲེལ་གཏུག་མི་སྣ་དོན་འཁྱོལ་བྱེད་པ་དང་། ལྟ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས། སེམས་ཁམས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ནད་པ་དང་ཁོང་ཚོའི་ཁྱིམ་མི། འདས་པོའི་ཁྱིམ་མི་སོགས་ལ་སེམས་ཁམས་ཁྲིད་སྟོན་གྱི་ལས་ཀ་ཡག་པོ་སྒྲུབ་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཡིད་ཆེས་བརྟན་པོ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་ཞིག་གཏོད་དགོས། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྲིད་པའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
       ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་ཀྱིས་དུས་ཐུང་ནང་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཉེན་ཁ་བཟོ་སྲིད་མོད། འོན་ཀྱང་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་ཕྱོགས་སུ་སྐྱོད་པའི་གཞི་རྩའི་རྣམ་པར་ཤུགས་རྐྱེན་ཐེབས་མི་སྲིད། སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་ཆ་རྐྱེན་འོག ཧེ་བག་ལྡན་པའི་ཐབས་ཇུས་སྤྱད་དེ། དུས་དང་བསྟུན་ནས་ཁུལ་དབྱེ་རིམ་དབྱེ་དང་རིགས་དབྱེ་དུས་དབྱེ་བྱས་ནས། ཆ་རྐྱེན་འཛོམས་ཚེ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་དགོས། རྒྱལ་ཁབ་ཀྱིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་དང་། ལས་གནས་བརྟན་པོ། ལས་ཞུགས་རྒྱ་ཆེར་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་དང་། བརྟན་པོ་དྲུག་གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། དཔྱིད་རྨོད་ཐོན་སྐྱེད་དང་ཞིང་པའི་ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། པུའུ་ཨུད་ཁག་བཅས་ཀྱིས་ཧུའུ་པེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཧུའུ་པེར་དངོས་ཡོད་དཀའ་ངལ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་སྔ་ཙམ་རྒྱུན་གཏན་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།
       ཞི་ཅིན་ཕིང་གིས། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཡིག་རྒྱུགས་ཆེན་མོ་ཞིག་ཡིན་པས་ཉམས་མྱོང་ཡོད་ལ་བསླབ་བྱ་ཡང་ཡོད། རྒྱང་རིང་ལ་བལྟ་བ་དང་། ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱེད་པ། བཅོས་སྐྱོང་མ་ལག་གི་ཞན་ཆ་མགྱོགས་མྱུར་གསབ་པ་བཅས་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱ་ཆེད་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་དོ་དམ་གྱི་འདུ་ཤེས་བཙུགས་ཏེ། གྲོང་ཁྱེར་ཆེས་ཆེ་བའི་དེང་རབས་ཅན་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

 

       ཞི་ཅིན་ཕིང་གིས། རང་རེའི་ཏང་ནི་ནང་རྩོད་ཕྱི་འཁྲུག་ཁྲོད་དབུ་བརྙེས་པ་དང་། དཀའ་ངལ་དང་བར་ཆད་ཁྲོད་འཚར་ལོངས་བྱུང་བ། འགག་སྒྲོལ་དཀའ་སེལ་ཁྲོད་སྟོབས་ཆེར་ཕྱིན་པ་ཞིག་ཡིན། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་གསལ་པོ་ཞིག་ཡིན་ལ། ང་ཚོའི་ཆབ་སྲིད་ཀྱི་བཟང་ཆ་ཞིག་ཀྱང་ཡིན། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་བ། ཉམས་སད་ཐེག་ཐུབ་པ་བཅས་བྱས་ཏེ་ཡིག་རྒྱུགས་ཆེན་མོ་དེའི་ནང་འགན་འཁྲི་འཁུར་བའི་བློ་སྟོབས་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བློ་གྲོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གི་ཐབས་ཇུས། སྒྲིག་འཛུགས་ལག་བསྟར་གྱི་འཇོན་ཐང་བཅས་སྦྱོང་བརྡར་བྱས་ཏེ། ས་སྲུང་གི་འགན་འཁྲི་འཁུར་བ་དང་ས་སྲུང་བྱ་ཐབས་ཡོད་པ་བྱ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་ལས་བྱེད་པའི་སེམས་ཤུགས་སྔར་ལས་མང་བ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་འཇོག་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཉེན་ཁ་དང་གོད་ཆག་གི་སྐབས་སུ། དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འཐབ་བྱེད་པ་དང་། དམག་ཆེན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། ཡིག་རྒྱུགས་ཆེ་མོའི་ཁྲོད་རྒྱུགས་ཡག་པོ་འཕྲོད་པ་བྱ་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་བསྟན་གནང་ཡོད།
       ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་13དང་ཞིང་ཆེན་གྱི་ཐད་གཏོགས་རྫོང་རིམ་པའི་སྲིད་འཛིན་ཚན་པ་བཞིར་ཡན་ལག་ཚོགས་ར་བཙུགས་པ་དང་། ས་གནས་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ས་ཆ་གཞན་ནས་གྲོང་ཁྱེར་དང་ཁུལ་ཁག་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་འགོ་ཁྲིད་བཅས་ཞུགས་ཡོད་པ་རེད། 
       ཏིང་ཞུའེ་ཞང་དང་ཀྲང་ཡིའུ་ཞ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1