གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༩ཉིན།

སྡེ་ཚན་ལྔས་མཉམ་དུ་ཡིག་ཆ་བཀྲམ་ནས་རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་བསྟན།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པའི་ཚེས16ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། འགག་སྒོ་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས《རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་ནས། རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་དང་། རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་པར་ཁྲིམས་ཆད་གཅོད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།
        《བསམ་འཆར》གཞིར་བཟུང་། གཤམ་གསལ་གྱི་རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་རིགས་དྲུག་སྤེལ་ནས་བྱི་ནད་དང་། སྐྱུག་བཤལ་ནད། ཚ་སེར་ནད། ཏོག་གསར་གློ་ཚད་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་དང་ཡོངས་བསྒྲགས་བྱས་པའི་རིམས་ནད་ཞིབ་བཤེར་གྱི་འགོ་ནད་མཆེད་པའམ་ཡང་ན་འགོ་ནད་ཀྱི་ཉེན་ཁ་ཚབས་ཆེན་གཞན་དག་ཡོད་རིགས་ལ། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་སོ་གཉིས་པའི་གཏན་འབེབས་གཞིར་བཟུང་རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་ལ་བརྩིས་ནས་ཁྲིམས་ཆད་གཅོད་དགོས་པ་སྟེ།
        གཅིག་ནི་རིམས་ནད་ཞིབ་བཤེར་གྱི་འགོ་ནད་ཕོག་མཁན་ནམ་ཡང་ན་འགོ་ནད་ཕོག་པའི་དོགས་པ་ཡོད་མཁན་གྱིས། འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་བཏོན་པའི་བདེ་ཐང་རེ་ཞུ་དང་། ཚ་བ་ལྟ་བ། གསོ་རིག་སྐོར་བཤེར། རིམས་ནད་རིག་པའི་བརྟག་དཔྱད། གསོ་རིག་གྲལ་བཤེར། མ་དཔེ་ལེན་པ་སོགས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་གྱི་བྱེད་ཐབས་དང་། ཡང་ན་ལོགས་སུ་འཇོག་པ་དང་། འགོ་ནད་ཡོད་མེད་ལྟ་བ། རང་སར་ནད་བརྟག་ཞིབ་བཤེར། སྨན་ཁང་བསྒྱུར་ནས་སྨན་བཅོས་སོགས་ཀྱི་འཕྲོད་བསྟེན་ཐག་གཅོད་བྱེད་ཐབས་ལག་བསྟར་དང་ལེན་མི་བྱེད་པའི་རིགས།
        གཉིས་ནི་རིམས་ནད་ཞིབ་བཤེར་གྱི་འགོ་ནད་ཕོག་མཁན་ནམ་ཡང་ན་འགོ་ནད་ཕོག་པའི་དོགས་པ་ཡོད་མཁན་གྱིས་བདེ་ཐང་གསལ་བསྒྲགས་ཤོག་བྱང་ཇི་མ་ཇི་བཞིན་མི་འདྲི་བ་སོགས་ལ་བརྟེན་ནས་རིམས་ནད་གསང་བ་དང་། ཡང་ན་རིམས་ནད་ཞིབ་བཤེར་གྱི་ཤོག་ལྷེ་དང་ལག་ཁྱེར་རྫུས་མ་བཟོ་བ་དང་བཟོ་བཅོས་སོགས་ཀྱི་རྣམ་པ་སྤྱད་ནས་རྫུས་མ་བཟོས་རིགས།
        གསུམ་ནི་ཞིབ་མཆན་དོ་དམ་གྱི་སྐྱེ་དངོས་ཕྲ་རབ་དང་། མིའི་ལུས་པོའི་གྲུབ་ཆ། སྐྱེ་དངོས་ལས་གྲུབ་པའི་སྨན་རྫས། ཁྲག་དང་དེའི་ཐོན་རྫས་སོགས་ཀྱི་དམིགས་བསལ་དངོས་རྫས་ལས་རིམས་ནད་ཞིབ་བཤེར་གྱི་རིམས་ནད་འགོ་སྲིད་པ་ཤེས་པའམ་ཡང་ན་ཤེས་དགོས་ངེས་ཡིན་རུང་། ཞིབ་མཆན་མ་ཐོབ་པར་རིམས་ནད་ཞིབ་བཤེར་ལས་གཡོལ་ཏེ་རྒྱལ་མཚམས་ནས་སྐྱེལ་འདྲེན་དང་ཕྱིར་གཏོང་བྱེད་རིགས།
        བཞི་ནི་རྒྱལ་མཚམས་འཛུལ་གྲོལ་གྱི་འཁོར་རིགས་སུ་རིམས་ནད་ཞིབ་བཤེར་གྱི་རིམས་ནད་འགོ་མཁན་ནམ་ཡང་ན་རིམས་ནད་ཕོག་པའི་དོགས་པ་ཡོད་མཁན་ཤེས་བཞིན་དུ་འཁོར་རིགས་འགན་འཁུར་བས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་རམ་ཡང་ན་འཕྲོད་བསྟེན་ཐག་གཅོད་དང་ལེན་མི་བྱེད་པའི་རིགས།
        ལྔ་ནི་རིམས་ནད་ཞིབ་བཤེར་གྱི་འགོ་ནད་དར་ཁྱབ་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་རྒྱལ་མཚམས་འཛུལ་གྲོལ་གྱི་འཁོར་རིགས་སུ་འཆི་རྐྱེན་རྒྱུན་གཏན་མིན་པ་མ་ཟད། འཆི་རྐྱེན་གསལ་པོ་མེད་པའི་མི་ཡོད་པ་ཤེས་བཞིན་དུ་འཁོར་རིགས་འགན་འཁུར་བས་རྐང་བཙུགས་ནས་གསང་བ་བྱེད་རིགས།
        དྲུག་ནི་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་བཏོན་པའི་རིམས་ནད་ཞིབ་བཤེར་བྱེད་ཐབས་དང་ལེན་མི་བྱེད་པའི་རིགས་གཞན་དག་བཅས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1