ཨ་རི་ནད་ཡམས་ཀྱི་ལྟེ་བ་འགྱུར་ཉེན་ཆེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-26



    ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་དུས་ཐོག་བསྡོམས་རྩིས་གྲངས་གཞིར་གཞིགས་ན། པེ་ཅིང་དུས་ཚོད་ཟླ་3ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་8པའི་བར།  གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་པའི་ནད་པ་རིམ་རྩིས་བྱས་ན་ཁྲི་39ལས་བརྒལ་བ་དང་ནད་པ་ཁྲི་1.7ཚེ་ལས་འདས་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་རི་རིམས་ནད་ཀྱི་ལྟེ་བ་འགྱུར་བའི་ཉེན་ཁ་ཡོད་པ་བཏོན།
    ཚེས་23ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་མི་ཐན་ཏེ་སའེ་ཡིས།  ཏོག་གསར་གློ་ཚད་མཆེད་ཚད་ཇེ་མགྱོགས་སུ་འགྲོ་བའི་རྣམ་པ་མངོན་ཞིང་།  ནད་པ་དང་པོ་ནས་ཁྲི་10བར་ཉིན་67ལས་འགོར་མེད་པ་དང་། ནད་པ་ཁྲི་10ནས་ཁྲི་20བར་ཉིན་11ལས་འགོར་མེད་ཅིང་།  ནད་པ་ཁྲི་20ནས་ཁྲི་30བར་ཉིན་4ལས་འགོར་མེད་པ་རེད་ཅེས་བཏོན།
    ཚེས་24ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པས།  འདས་པའི་ཆུ་ཚོད་24རིང་སྙན་ཞུ་འབྱོར་བའི་ཏོག་གསར་གློ་ཚད་ཀྱི་ནད་པའི་ཁྲོད།  85%ཡོ་རོབ་དང་ཨ་རི་ནས་ཡིན་པ་དང་།  ཨ་རིའི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་མྱུར་བར་མང་དུ་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་དེ་ཉིད་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་ལྟེ་བ་འགྱུར་བའི་ཉེན་ཁ་ཡོད་པ་བཏོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེའི་གོང་ཡོ་རོབ་དེ་ཉིད་གོ་ལ་ཧྲིལ་པོའི་དར་ཁྱབ་ཆེ་ས་དང་ནད་པའི་ལྟེ་བ་རུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1