ཁྲེང་ཏུའུ་ནས་སྐུ་བླ་རི་བོའི་བར་དུ་ལྕགས་ལམ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-30


         དེ་རིང་སྔ་དྲོར། སྤྱི་ལོ་2020ལོའི་རྔ་བ་ཁུལ་གྱི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་དག་གཅིག་སྡུད་ཀྱིས་ལས་མགོ་བརྩམས་པ་དང་ཏུའུ་ཅང་ཡན་ནས་སྐུ་བླ་རི་བོའི་བར་གྱི་རི་ཁུལ་ལྕགས་ལམ་གྱི་འགྲུམ་འགྲིལ་དབུལ་སྐྱོར་རྣམ་གྲངས་ལས་མགོ་ཚུགས་པའི་སྐུལ་སློང་ཚོགས་འདུ་ཝུན་ཁྲོན་རྫོང་དུ་འཚོགས།

        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ལས་འཛུགས་སྐུལ་སློང་གི་བྱེད་སྒོར། སྤྱི་ལོ་2020ལོའི་རྔ་བ་ཁུལ་གྱི་དུས་ཚིགས་དང་པོའི་རྣམ་གྲངས་གལ་ཆེན་དག་གཅིག་སྡུད་ཀྱིས་ལས་མགོ་རྩོམ་དགོས་པའི་རྣམ་གྲངས་གཙོ་བོ་49དང་། ལོ་རེའི་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར་36.24གཏོང་རྩིས་རེད། རྣམ་གྲངས་དེ་དག་གི་ཁྲོད་དུ། འགྲིམ་འགྲུལ་དང་། གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོ། ཐོན་ལས། སྐྱེ་ཁམས། ཁོར་ཡུག་སྲུང་སྐྱོང་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་གཏིང་ཟབ་པའི་ཕྱོགས་མང་པོ་ཞིག་འདུས།
        དེ་དག་གི་ཁྲོད་དུ་ཡང་། ཀུན་གྱིས་དོ་ཁུར་ཆེན་པོ་གནང་ཡུལ་ནི་ཏུའུ་ཅང་ཡན་ནས་སྐུ་བླ་རི་བོའི་བར་གྱི་རི་ཁུལ་ལྕགས་ལམ་གྱི་འགྲིམ་འགྲུལ་དབུལ་སྐྱོར་རྣམས་གྲངས་དེ་རེད།
        རྒྱུས་ལོན་པ་ལྟར་ན། རྣམ་གྲངས་དེའི་ལམ་ཐིག་ནི་ཁྲེང་ཏུའུ་ནས་ཏུའུ་ཅང་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཏུའུ་ཅང་ཡན་ས་ཚིགས་ནས་བཟུང་སྟེ་ཧུང་ཁོའུ་དང་། ལུང་ཁྲི། དབྱིན་ཞིའུ། ཀེང་ཏ། ཝོ་ལུང་། ཏེང་ཧྲེང་ཀོའུ། སྤེན་ལ་བཅས་བརྒྱུད་མཐར། བཙན་ལྷ་རྫོང་གི་སྐུ་བླ་གྲོང་རྡལ་དུ་སླེབས་པ་རེད། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་123.18དང་། མེ་འཁོར་འབབ་ཚིགས་སྟེགས་བུ་11གསར་དུ་བསྐྲུན་པ་དང་། ལྕགས་ལམ་མ་ཐིག་གི་ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་121.14ཡོད་ལ། ལམ་ཐིག་ཧྲིལ་བོའི་98.3%ཟིན་ཡོད། འདི་ལ་མ་དངུལ་སྒོར་དུང་ཕྱིར་215.9བཏང་འདུག་ལ། འཛུགས་སྐྲུན་དུས་ཆད་ལོ་6ཡིན། ལས་གཞིའི་རྣམ་གྲངས་འདི་མགོ་ཚུགས་པ་ན་བཟུང་། ལམ་ཐིག་འཛུགས་སྐྲུན་གྱི་སྦྱོར་བ་ལ་དངོས་སུ་ཞུགས་པ་མཚོན་པས། མ་འོངས་པར། ཁྲེང་ཏུའུ་ནས་སྐུ་བླ་རི་བོར་འགྲོ་དགོས་ན་ཐད་ཀར་མེ་འཁོར་ལ་བསྡད་ནས་སོང་ཆོག  
        རྣམ་གྲངས་འདི་ནི་རང་ཞིང་ཆེན་གྱི་རི་ཁུལ་ལྕགས་ལམ་གྱི་འགྲུམ་འགྲིལ་དབུལ་སྐྱོར་རྣམ་གྲངས་ཐོག་མ་ཡིན་ཞིང་། དབུལ་བྲལ་གནད་སྒྲོལ་གྱི་མིག་དཔེ་དང་། མི་རིགས་མཐུན་སྒྲིལ་གྱི་ཟམ་པ། ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་བཅས་ཀྱི་དམིགས་འབེན་ལ་དམིགས་ནས། འཛུགས་སྐྲུན་གྲུབ་རྗེས། གཞུང་ལམ་གྱིས་ལམ་རྒྱུད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དང་། དོམ་ཁྲ་ཆེན་མོའི་འཛམ་གླིང་ཤུལ་བཞག་ས་ཁུལ་གྱི་སྐྱེ་ཁམས་གཉོམ་སའི་ས་ཁུལ་གྱི་སྲུང་སྐྱོང་ལ་སྐུལ་འདེད། རྔ་བ་ཁུལ་དང་རང་རྒྱལ་གྱི་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཡུལ་དུས་ཀྱི་བར་ཐག་སྔར་ལས་ལྷག་པར་ཇེ་ཆུང་དང་། མི་རིགས་ས་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་དང་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱ་ངེས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1