༄༅།།ང་དང་གསལ་བྱེད་ཀྱི་ཡི་གེ་ཆ།

བོན་སྐོར་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-07



ཟི་ལིང་། བོན་སྐོར་དོན་གྲུབ་ཚེ་རིང་།
        ང་རང་ལོ་ན་དགུ་ལ་སོན་པའི་ལོ་དེར། མཛོ་མོ་ཞེས་པའི་རི་གྲོང་དེ་ནས་ཨ་མྱེས་ཀྱིས་བཤད་པའི་ཨ་ཁུ་ལྷ་ལྷའི་གཏམ་རྒྱུད་དང་རྨོ་མོས་བཟོས་པའི་ས་དཀར་གྱི་རྩེད་ཆས་ལྕགས་རྟ་སོགས་དང་ཁ་བྲལ་ནས་སྡེ་གཞུང་གི་སོ་ཕག་དམར་པོ་ཅན་གྱི་སློབ་གྲྭར་འགྲོ་དགོས་བྱུང་།
        དགེ་རྒན་གྱིས་ཐོག་དང་པོར་ལྕང་ལྕུག་ཕྲ་མོ་ཞིག་ལག་ཏུ་ཐོགས་ཏེ་ང་ཚོ་བྱིས་པ་ཚོར་ཡི་གེ་འཁྲིད་དུས།ང་རང་དགེ་རྒན་ལ་སྐྲག་སྟེ་སེམས་ནས་ཨ་མྱེས་ཀྱིས་བསླབས་པའི་ཨ་ཁུ་ལྷ་ལྷའི་མིང་གིས་ཡང་ཡང་བོས། སྣང་བ་ཞིག་ལ་ཨ་ཁུ་ལྷ་ལྷ་ཞེས་སེམས་ནས་ཁ་རོག་གེར་འབོད་ཐེངས་རེར།དགེ་རྒན་ཡང་ཁ་ཕར་ལ་འཁོར་ནས་བྱིས་པ་གཞན་པ་ཞིག་དང་ཉེ་བར་བཅར་འགྲོ་བ་འདྲ་བས།ངས་ཨ་ཁུ་ལྷ་ལྷ་ནི་ངོ་མ་ནུས་མཐུ་ཁྱད་དུ་འཕགས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་རེད་སྙམ་སོང་།རིམ་གྱིས་ངས་དོན་དག་ཅི་བྱུང་རུང་སེམས་ནས་ཨ་ཁུ་ལྷ་ལྷ་ཞེས་བོས་ཤིང་།དགེ་རྒན་གྱིས་རྒྱུགས་ལེན་སྐབས་ཀྱང་ངས་ཨ་ཁུ་ལྷ་ལྷ་བོས་པ་ཡིན།
        ང་ལ་མཚོན་ན། དང་ཐོག་གི་དུས་ཡུན་ངེས་ཅན་ཞིག་གི་རིང་ལ། སོ་ཕག་གི་ཁང་པ་འགའ་འཕྲེད་དུ་བསྟར་ཡོད་པའི་སློབ་གྲྭའི་ར་སྐོར་དེ་ནི་རྣམ་ཀུན་སྐྲག་སྐྲག་ལ་སྡོད་དགོས་པའི་གནས་ཤིག་ཡིན་པས། ངས་རྒྱུན་པར་ཁ་རོག་གེར་ཨ་ཁུ་ལྷ་ལྷ་འབོད་ཀྱིན་ཡོད།ངས་ཨ་ཁུ་ལྷ་ལྷ་བོས་པས་ངའི་ཁ་ནི་རྒྱུན་ཆད་མེད་པར་འགུལ་སྐྱོད་བྱེད། སློབ་གྲོགས་ལ་ལས་ངའི་ཁ་ནི་སློབ་ཁང་གི་གྱང་ངོས་སུ་བཀལ་བའི་ཟངས་ཀྱི་ཆུ་ཚོད་འཁོར་ལོ་དེའི་སྐར་ཆའི་མདའ་ཁབ་ལྟར་སྐད་ཅིག་ཙམ་ལའང་སྡོད་དབང་མེད་པར་འགུལ་སྐྱོད་བྱེད་པ་མཐོང་བས། ངོ་མཚར་བའམ་ཧ་ལས་པའི་རྣམ་འགྱུར་ཞིག་གིས་རྒྱུན་པར་ངའི་ཁ་ལ་བལྟ་རྒྱུར་གོམས་ཡོད། སྐབས་ལ་ལར། ཁོ་ཚོས་ངའི་ཁ་ལ་བལྟས་ཏེ་སློབ་ཁང་གི་བྱ་འདབ་འོག་ཏུ་དཔྱངས་པའི་ཟངས་ཀྱི་སྒྲ་སྒྲོག་ཅོང་བརྡ་དེ་སི་ལི་ལི་གྲགས་ནས་སློབ་ཁྲིད་འཚོག་པའི་དྲིལ་བརྡ་གཏོང་བའང་ཐོས་ཀྱིན་མེད། དགེ་རྒན་ཀླུ་བྱམས་སློབ་ཁང་དུ་སླེབས་ནས“མུག་ཕྲུག་ཚོ”ཞེས་ཨ་མདོ་རོང་བའི་སྐད་ཀྱིས་སྡིགས་དམོད་བཏང་འོང་དུས། ད་གཟོད་སློབ་གྲོགས་ཚོ་ལུག་ཁྱུས་སྤྱང་ཀི་མཐོང་བ་ལྟར་ངའི་ཁ་ལ་ལྟ་མཚམས་བཞག་ནས་རང་རང་གི་འདུག་སྟེགས་སུ་སྐད་ཅིག་ལ་སྡོད་འགྲོ།
        དེ་ནི་ཞོགས་པ་ཞིག་སྟེ། བག་ཆགས་ཟབ་པའི་མཛོ་མོ་རི་གྲོང་གི་བྱ་དངོས་སྙིང་དུ་སྡུག་པ་དེ་དག་དྲན་པའི་ཀློང་དུ་འཚང་ཁ་ཤིག་ཤིག་གིས་འཁྱུག་གིན་པའི་ང་ནི་ཁེར་རྐྱང་ངང་སློབ་ཁང་གི་བྱ་འདབ་འོག་ཏུ་བསྡད་ཡོད། སྐབས་དེར། ངའི་མགོ་ཐོག་ནས་གློ་བུར་དུ་ཅོང་སྒྲ་སི་ལི་ལི་གྲགས་བྱུང་བས། ང་རང་སྐྲག་ནས་བརྒྱལ་ལ་ཁད་ཅིག་བྱས་སོང་ལ། ཨ་ཁུ་ལྷ་ལྷ་འབོད་རྒྱུའང་བརྗེད་པར་གྱུར། ཕྱིས་སུ། ཟངས་ཀྱི་སྒྲ་སྒྲོག་ཅོང་བརྡ་དེས་རྒྱུན་པར་སློབ་ཁྲིད་ཚོགས་བརྡ་དང་གྲོལ་བརྡ་སི་ལི་ལི་སྒྲོག་དུས། ང་ནི་སྐྲག་ནས་ཁ་རོག་གེར་ཨ་ཁུ་ལྷ་ལྷ་བོས་པ་ཡིན། འོན་ཏེ། སློབ་ཁང་གི་གྱང་ངོས་སུ་བཀལ་བའི་ཟངས་ཀྱི་དུས་ཚོད་འཁོར་ལོ་དེའི་སྐར་ཆའི་མདའ་ཁབ་ཐག་ཐག་འཁོར་ནས་མཚམས་ཤིག་ལ་སླེབས་ཚེ། སློབ་ཁང་གི་བྱ་འདབ་འོག་ནས་ཕོ་བ་ལྟོགས་པའི་ལུ་གུ་ཞིག་གིས་འབའ་སྒྲ་སྒྲོག་པ་ལྟ་བུའི་ཟངས་ཀྱི་སྒྲ་སྒྲོག་ཅོང་བརྡ་དེ་མཚམས་ཚིགས་མེད་པར་གྲགས་འོང་བ་ལ།ངས་ཨ་ཁུ་ལྷ་ལྷ་ཐེངས་སྟོང་ཕྲག་ལ་བོས་ཀྱང་དེ་ནི་ཨ་ཁུ་ལྷ་ལྷས་དེ་མ་ཐག་ཁ་རོག་གེར་སྡོད་དུ་འཇུག་ཐུབ་པ་ཞིག་གཏན་ནས་མ་རེད། དེ་བས། ང་རྒྱུན་པར་ཟངས་ཀྱི་ཅོང་བརྡ་དེར་ཡ་མཚན་སྐྱེ་བཞིན་ཡོད་པར་མ་ཟད། སྐྲག་ནས་དེའི་འོག་ཏུ་བཏུད་ཐུབ་ཀྱིན་མེད།
        དགེ་རྒན་ཀླུ་བྱམས་སློབ་ཁང་དུ་སླེབས་ནས་ཆེ་ཞིང་རྩུབ་པའི་ལག་པས་ནག་པང་སྒང་ལ་རི་མོ་མང་པོ་བྲིས་ཡོང་དུས། ངའི་སེམས་སུ་རྒྱུན་པར་རྨོ་མོའི་ནག་ཅིང་གཉེར་བའི་ལག་པ་དང་ས་དཀར་གྱི་རྩེད་ཆས་དེ་དག་ཡིད་ལ་ཝ་ལེར་དྲན་བྱུང་། དགེ་རྒན་ཀླུ་བྱམས་ཀྱིས་ནག་པང་སྒང་ལ་ས་སྨྱུག་དཀར་པོ་ཞིག་གིས་ཀ་ཁ་ག་ང་། ཅ་ཆ་ཇ་ཉ་ཞེས་རི་མོ་འགའ་འབྲི་འོང་དུས། དེ་དག་ལས་ཆེ་ཞིང་གསལ་བའི་ཡིག་འབྲུ“ཆ”དེ་ངའི་མིག་ལམ་དུ་གསལ་པོར་མངོན་འོང་། དེ་དང་བསྟུན་ནས་རྨོ་མོས་བཟོས་པའི་ས་དཀར་གྱི་ལྕགས་རྟ་དེའང་དྲན་འོང་། དགེ་རྒན་གྱིས་ལྕང་ལྕུག་ཕྲ་མོ་དེའི་རྩེ་མོ་ཡིག་འབྲུ་རེ་རེའི་སྟེང་བཙུགས་ནས་སྦོམ་ཞིང་རྩུབ་པའི་སྐད་གདངས་དེས་དབྱངས་རྟར་དྲངས་ཏེ་ཡི་གེ་ཀློག་སྟངས་འཁྲིད་དུས། ངས་ནི་ཆ་ཡིག་དེའི་ཚུགས་ཀ་ནི་ཇི་ལྟར་བལྟས་ཀྱང་རྨོ་མོས་བཟོས་པའི་ལྕགས་རྟ་དེ་དང་ཤིན་ཏུ་འདྲ་བ་མཐོང་། ཆ་ཡིག་གི་ཞབས་ཀྱི་གོར་ཐིག(གང་ཆགས་དང་འོག་འཛུམ)དེ་གཉིས་ཀྱིས་ངའི་སྣང་ངོར་ས་དཀར་གྱི་ལྕགས་རྟའི་འཁོར་ལོ་དེ་གཉིས་དྲུད་ཡོང་། ད་དུང་རྨོ་མོས“ཁྱོད་འཚར་ལོངས་བྱུང་རྗེས།ལྕགས་རྟར་བཞོན་ནས་ཐག་རིང་ལ་ཆས་དགོས”ཞེས་བཤད་པའང་ཡིད་ལ་དྲན་བྱུང་། སྐབས་ཤིག་ལ། དགེ་རྒན་ཀླུ་བྱམས་ཀྱིས་གཡས་གྲལ་ནས་མགོ་བརྩམས་ཏེ་སློབ་གྲོགས་རེ་རེར་ཡར་ལངས་ཏེ་ནག་པང་སྒང་གི་ཡིག་འབྲུ་དེ་ཚོ་འདོན་དུ་བཅུག་བྱུང་། གཅིག་ཀྱང་འདོན་མ་ཤེས་པའི་སློབ་གྲོགས་ཚོ་སློབ་ཁང་གི་སྒོར་ཕུད་དེ་གྱོ་མོག་ཕྱེད་ཀ་རེ་ལག་ཏུ་བཞག་ནས་དེ་མཐོན་པོར་བཀྱགས་ནས་སྡོད་དུ་བཅུག་པ་དང་། དགེ་རྒན་གྱིས་ཁྲིད་པ་ལྟར་མི་འདོན་པར་སྒྲ་སྐོར་ལོག་འདོན་མཁན་ཚོ་སློབ་ཁང་གི་མ་ཕུག་ཏུ་ལངས་ནས་སྡོད་དུ་བཅུག ཁ་ཚང་འདོན་ཤེས་མཁན་ཚོ་རང་མལ་དུ་སྡོད་ཆོག་པར་བྱས།
        ཉིན་དེར། ང་དང་རྡོ་བཀྲ་གཉིས་ནི་སྐོར་ལོག་འདོན་མཁན་ཚོའི་གྲས་སུ་ཡོད་མོད། འོན་ཏེ། དགེ་རྒན་གྱིས་ང་ནི་སྒོར་ཕུད་དེ་གྱོ་མོག་ཧྲིལ་པོ་ཞིག་མཐོན་པོར་བཟུང་ནས་སྡོད་དུ་བཅུག རྡོ་བཀྲས་ཀ་ཡི་མིང་ལ་ཁ་དང་། ཅ་ཡི་མིང་ལ་ཆ་ཞེས་བཏོན་པས་སློབ་གྲོགས་ཚོ་གད་མོ་བགད་བྱུང་། དགེ་རྒན་ཀླུ་བྱམས་ཀྱིས་ཁོ་ལ“ངས་ཁྱོད་ལ་ཀ་ཡི་མིང་ལ་ཁ་ཞེས་ནམ་ཞིག་ལ་ཁྲིད་མྱོང་ངམ། ཨ་བསོད་ཟད་པོ”ཟེར་ཞིང་།“དགེ་རྒན་ལ་བཀའ་ལོག་བྱེད་རྒྱུ་ལས་ཅི་ཡང་མི་ཤེས་པའི་སྐྱག་ཕྲུག་འདི”ཞེས་ཀྱང་བཀྱོན་བྱུང་། དེ་ནས་ཡི་གེ་འདོན་རེས་ངའི་མགོར་ཁེལ་བས། ང་སྐྲག་ནས་ཁ་རོག་གེར་ཨ་ཁུ་ལྷ་ལྷ་བོས་པ་ཡིན། འོན་ཏེ། ཉིན་དེར་ཡར་སྔོན་བཞིན་ངས་ཨ་ཁུ་ལྷ་ལྷ་བོས་པའི་སྟོབས་ཀྱིས་དགེ་རྒན་གྱི་ཁ་ཕར་ལ་འཁོར་ནས་བུད་མ་སོང་སྟེ། དེ་ནི་ངས་ཡར་སྔོན་ཨ་ཁུ་ལྷ་ལྷ་ཐེངས་སྟོང་ཕྲག་ལ་བོས་ཀྱང་ཁ་རོག་ལ་སྡོད་དུ་འཇུག་མ་ཐུབ་པའི་སློབ་ཁང་གི་བྱ་འདབ་འོག་གི་ཟངས་ཀྱི་སྒྲ་སྒྲོག་ཅོང་བརྡ་དེ་དང་འདྲ། དགེ་རྒན་གྱིས་ནག་པང་སྒང་གི་གསལ་ཞིང་ཆེ་བའི་ཡིག་འབྲུ་ཀ་ཡི་སྟེང་ལ་ལྕང་ལྕུག་གི་རྩེ་མོ་བཙུགས་པ་ན།ངས་འདོན་མ་ཤེས་པས་ཁ་རོག་གེར་བསྡད། དེ་ནས་ཁ་དང་ག་ང་། ཅ་སོགས་ཀྱི་སྟེང་ལ་གོ་རིམ་བཞིན་བཙུགས་པ་ན། ངས་སྔར་བཞིན་ལག་པས་མགོ་ལ་རེག་ཙམ་བྱེད་ཞོར་ཁ་རོག་གེར་བསྡད། སྐབས་དེར། དགེ་རྒན་གྱིས་ཆེ་ཞིང་སྒོར་བའི་མིག་ཟུང་ཆེས་ཆེར་བགྲད་ནས“གླེན་པ་ནོར་གནག་འདྲ་བོ་འདི”ཞེས་བཀྱོན་ཞོར་ཡིག་འབྲུ་ཆ་ཡི་སྟེང་དུ་ལྕང་ལྕུག་གི་རྩེ་མོ་བཙུགས་པ་ན། ངས་ཧ་ཅང་གདེང་ཚོད་ཆེན་པོས་ལྕགས་རྟ་ཞེས་བཏོན་པ་ཡིན། སྐབས་དེར། རྣམ་པར་འཚེར་བའི་ཉི་ཐིག་ཕྲ་མོ་ཞིག་སློབ་ཁང་གི་སྒེའུ་ཤེལ་ལེབ་མོ་དེ་དག་གི་ངོས་སུ་བག་ཕེབས་ངང་འཕྲོས་ཡོང་ཞིང་། ཉི་ཐིག་གི་གསེང་དུ་སོག་སོག་འགུལ་བའི་ས་རྡུལ་གྱི་ཚོགས་ནི་སློབ་ཁང་གི་གྱང་ངོས་སུ་བཀལ་བའི་དུས་ཚོད་འཁོར་ལོ་དེའི་མདའ་ཁབ་ལྟར་སྐད་ཅིག་ཙམ་ལའང་མི་སྡོད་པར་འགུལ་སྐྱོད་བྱེད། ཉི་འོད་ཁྲོད་ཀྱི་ས་རྡུལ་སོག་སོག་འགུལ་བ་ལྟར་དགེ་རྒན་ཀླུ་བྱམས་ཀྱི་སེམས་སུ་ཁོང་ཁྲོའི་འགྱུ་བ་གློག་ལྟར་འཁྱུག་ཡོད་ངེས། “ཁྱོད་ཀྱིས་ཅི་ཟེར། ཨ་གླེན་ཕྲུག” དགེ་རྒན་ཀླུ་བྱམས་སྒེའུ་ཁུང་གི་ཤེལ་ལེབ་བརྟོལ་ཡོང་བའི་ཉི་ཐིག་དེའི་ཀློང་དུ་ཅུང་ཙམ་རིང་ཀྲོང་ངེར་འགྱིང་འདུག ཁོང་གི་རྣ་འབྱོག་གི་སྟེང་དུ་ཉི་ཐིག་ཕྲ་མོ་དེ་འཕྲོས་ཡོང་བ་ན། ཁོང་གི་རྣ་འབྱོག་ནི་ཕྱི་གསལ་ནང་གསལ་གྱི་སྡེར་མ་ངང་སེར་ཞིག་དང་མཚུངས་པར་དམར་ལམ་མེར་སྣང་། དེ་ནི་ཉི་འོད་ཀྱིས་དམར་པོར་བསྒྱུར་པ་ཡིན་ནམ་ཁོང་ཁྲོས་དམར་པོར་གྱུར་པ་ཡིན་ནམ། ངས་ཡང་བསྐྱར་སྐད་གསང་མཐོན་པོས་ལྕགས་རྟ་ཞེས་བཏོན་པ་ན། སྐབས་རེར་མིག་རིག་རིག་གིས་དགེ་རྒན་ཀླུ་བྱམས་ཀྱི་གདོང་ལ་ལྟ་བ་དང་། ལན་རེར། མིག་རིག་རིག་གིས་ངའི་གདོང་ལ་ལྟ་བའི་སློབ་ཕྲུག་དེ་ཚོ་འུར་ཆིལ་ལེར་གད་མོ་བགད་བྱུང་། ལ་ལ་གད་མོ་མཐོན་པོར་བགད་དེ་གཡས་འཕག་གཡོན་འཕག་བྱས་པས་རྐུབ་འོག་གི་རྐུབ་སྟེགས་རྣམས་ཕར་ཚུར་འགྱེད་པའི་ཁྲོག་སྒྲ་དང་ཙི་སྒྲའང་བར་མེད་དུ་མཆེད་འོང་། ངས་ནི་སློབ་གྲོགས་དེ་ཚོ་གད་མོ་དགོད་པའི་རྒྱུ་མཚན་གང་ཡིན་མ་ཤེས་པར་སྡོད་དུས། དགེ་རྒན་ཀླུ་བྱམས་ཀྱིས་ནག་པང་སྒང་ལ་ལྕང་ལྕུག་ཕྲ་མོ་དེས་ཤུགས་ཀྱིས་ལན་འགར་བརྡེགས་རྗེས།“ཨ་བསོད་ཟད་ཚོ། བླུན་ཕྲུག་ཚོ། ཁ་རོག་ལ་སྡོད”ཅེས་ང་ཚོ་སློབ་ཕྲུག་ཚོར་བཀྱོན་ཞོར་ངའི་གམ་དུ་ཤོར་འོངས་ཏེ“ཁྱོད་ནི་ནོར་གནག་ཅིག་དང་འདྲ”ཞེས་ངའི་རྣ་འབྱོག་ནས་འཐེན་ཏེ་སློབ་ཁང་གི་སྒོར་དྲུད་ནས་ཐོན། དེ་ནས་རྐུབ་ལ་རྡོག་ཐོས་གཞུས་པས་ང་ནི་སྐྲག་ཐག་ཆོད་དེ་ཁ་ནས་ངུ་སྐད་ཤོར། ཡུད་ཙམ་ནས་དགེ་རྒན་གྱིས་གྱོ་མོག་ཅིག་ཁྱེར་ཡོང་སྟེ་ངའི་ལག་ཏུ་བཞག་ཅིང་།ལག་པ་གཉིས་ཀྱིས་གྱོ་མོག་དེ་ཡར་ཀླད་པའི་གཙུག་ལ་འགྱོགས་དགོས་པ་དང་རྐང་པ་གཉིས་པུས་ཚིགས་ནས་བསྐུམས་ཏེ་ཙོག་ཚུགས་ཀྱིས་འདུག་དགོས་ཟེར་བ་དང་། དེ་ནས“དེ་རིང་ཁྱོད་ལ་དྲོས་ཇའང་འཐུང་སྐལ་མེད”ཅེས་ལབ་རྗེས། ཕྱིར་སློབ་ཁང་དུ་འཛུལ་སོང་། ཁོང་གི་ཞེང་ཆེ་བའི་རྒྱབ་གཟུགས་དེ་ནུབ་ཀྱི་རི་བོའི་ཉག་ག་ལྟ་བུའི་སློབ་ཁང་གི་སྒོའི་ནང་རོལ་ཏུ་ཉི་མ་ལྟར་ནུབ་རྗེས། ང་ལ་སྔར་ལས་ཀྱང་བཤུམ་འདར་དྲག་པོ་བྱུང་ཞིང་། དྭངས་ཤིང་གསལ་བའི་མིག་ཆུ་ནི་མིག་ཟུང་གི་རགས་ཁ་གང་ཞིག་ནས་ཤྭ་འོད་ལྟར་བརྡོལ་བྱུང་། ཁོང་གིས་ངའི་འཕོངས་མགོར་གཞུས་པའི་རྡོག་ཐོས་དང་རྣ་འབྱོག་འཐེན་པའི་ཤུལ་དུ་ན་ཟུག་བཟོད་གླགས་མེད་པ་བྱུང་བས། ངའི་མིག་ཆུ་ནི་དེ་ལྟར་ན་ཟུག་གི་རླབས་རྒྱུན་དང་བསྡོངས་ནས་ཤག་ཤག་བཞུར་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1