སློབ་གླིང་དུ་ཡང་བསྐྱར་འཛོམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-16



    ད་ལོའི་དཔྱིད་ཀའི་སློབ་འགོ་ཚུགས་པའི་དུས་ཚོད་ནི་ཧ་ཅང་འཕྱི་སོང་བས་མང་པོ་ཞིག་གི་སེམས་སུ་སློབ་འགོ་ཚུགས་རྒྱུ་ལ་བསྒུགས་ནས་ཡུན་རིང་ཡིན།
     སྤྱི་ལོ2020ལོའི་ཟླ4ཚེས10ཉིན། ངེད་བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་རྣམས་སློབ་གྲྭར་འབྱོར། ཏོག་གསར་གློ་རིམས་ཀྱི་ནད་དུག་འགོས་མཆེད་ལ་ཧ་ཅང་གཟབ་དགོས་པའི་དམིགས་བསལ་གྱི་དུས་ཚོད་འདིར་སློབ་འགོ་ཚུགས་སྟངས་ཀྱང་དམིགས་བསལ་བ་ཞིག་ཡིན་ལ། དེ་ལ་ཚང་མས་བསམ་པ་ཡར་སེམས་དང་། སྐུད་པ་ཡར་འཁེལ་གྱི་དམིགས་པ་བཟུང་ནས་བྲག་མགོ་རྫོང་གི་སློབ་གསོ་ཁང་དང་མཁའ་ཉ་ཡུལ་ཤོག་གི་སྲིད་གཞུང་ལས་བྱེད། མཁའ་ཉ་ཡུལ་ཤོག་གི་འཕྲོད་བསྟེན་ཁང་དང་རྒྱ་མདའ་གྲོང་ཚོའི་གཞི་རིམ་ལས་བྱེད་པ་དག་གིས་རོགས་འདེགས་དང་རྒྱབ་སྐྱོར་ལ་བརྟེན་ནས་སློབ་མ་རྣམས་སློབ་གྲྭའི་སྒོ་ཐེམ་དུ་འབྱོར་བ་ནས་སློབ་མའི་བདེ་ཐང་དཔང་ཡིག་དང་ལུས་དྲོད་ཐོ་འགོད་རེའུ་མིག་སོགས་སྤྲད་པས་མ་ཚད། ཅ་ལག་དང་རྐང་ལག་དུག་སེལ་བྱས་ལ། ཚ་དྲོད་ལྟ་བ་དང་ཁ་ཤུབས་བརྗེ་བ་སོགས་སྔོན་འགོག་གི་བྱ་བ་རབ་དང་རིམ་པ་བསྒྲུབས་པ་རེད།
     ལྷག་ཏུ་གནས་ཚུལ་འདི་འདྲའི་འོག་ཏུ་མི་ཚོགས་ཀྱི་འདུ་འཛོམས་ནི་ཉེན་ཁའི་གནས་སུ་མཆིས་པས་བྲག་མགོ་རྫོང་སློབ་གསོ་ཁང་གི་ལས་བྱེད་པ་འགའ་གཙོར་གྱུར་བའི་ལས་བྱེད་མི་སྣ་མང་པོ་རང་སློབ་གྲྭར་ཕེབས་ཏེ་ཏོག་གསར་གློ་རིམས་ཀྱི་ནད་ཡམས་སྔོན་འགོག་གི་བྱ་བར་རྒྱུན་མཐུད་དེ་ནན་ཏན་དང་ཞིབ་ཚགས་དགོས་ཚུལ་གྱི་མཛུབ་སྟོན་ཡང་ཡང་གནང་།
      དེ་ལྟར་དམིགས་བསལ་གྱི་དོན་དག་འོག་ཏུ་ཚང་མའི་ཚེ་སྲོག་བདེ་འཇགས་ལ་བསམས་ཏེ་སློབ་མའི་ནམ་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གཉིས་ཀར་དགེ་རྒན་གྱིས་མ་བསྐུལ་དང་བླངས་ཀྱིས་གཙོ་འགན་བཞེས་བཞིན་ཡོད།
     གང་ལྟར་ཏོག་གསར་གློ་ཚད་ཀྱི་ནད་དུག་འགོག་རྒོལ་ལ་བྱེད་ཐབས་འདྲ་མིན་བཀོལ་ཡོད་པ་དང་། སློབ་མ་རྣམས་དཔྱིད་དཔལ་གྱི་རང་མདངས་དང་འགྲོགས་ནས་སློབ་གླིང་གི་པང་བ་རུ་ལོག་དང་ལོག་བཞིན་ཡོད་ལ། ཉིན་འདི་དག་ནས་བཟུང་སློབ་གསོའི་བྱ་བ་ལེགས་པར་འཁྱོངས་བའི་ཡིད་ཆེས་དང་བཅས་སློབ་གླིང་གི་ཕྱི་ནང་གསང་གསུམ་ལ་དཔེ་ཀློག་གི་དབྱངས་རྟ་སྙན་མོ་ཞིག་གྲགས་འགོ་བརྩམས་ཤིང་གཅེས་ཕྲུག་མང་པོ་ཞིག་གི་དགོད་སྒྲས་ཁྱབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1