༄༅།།དྲ་རྒྱའི་དབྱིངས་ཞུགས་པའི་གནོད་འཚེའི་སྐོར་གླེང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-22



        དྲ་རྒྱའི་དབྱིངས་ཞུགས་པའི་རྒྱུ་མཚན།
        དྲ་རྒྱའི་དབྱིངས་ཞུགས་པ་ནི་སེམས་ཁམས་ཕྱོགས་ཀྱི་འགལ་རྐྱེན་ཞིག་ཡིན།དེའི་འབྱུང་རྐྱེན་ནི་དྲ་རྒྱའི་རྐྱེན་ཡིན་པར་མ་ཟད།ད་དུང་རང་ཉིད་ཀྱི་མི་གཤིས་རྒྱུ་རྐྱེན་དང་དུས་རྒྱུན་གྱི་འཚོ་བའི་གནོན་ཤུགས་ཆེ་བའི་རྐྱེན་རེད།དུས་རྒྱུན་འཚོ་བའི་ཁྲོད་དུ་གནོན་ཤུགས་ཆེ་ན།མི་ཁ་ཤས་ཀྱིས་རྫུན་བཟོའི་ཁོར་ཡུག་ཁྲོད་ནས་བདེ་སྣང་འཚོལ་བ་རེད།སྤྱི་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐབས་ཏེ།དཔེར་ན་བྱ་བའི་ཕྱོགས་ཀྱི་གནོན་ཤུགས་ཆེ་ཞིང་སྤྱི་ཚོགས་འབྲེལ་འདྲིས་ཕྱོགས་ཀྱི་འགལ་བ་མང་བ། ཚན་རྩལ་ཡར་ཐོན་བྱུང་བ་ལས་འཕྲད་པའི་དཀའ་གནད་བཅས་ཀྱི་དབང་གིས་མི་རྣམས་ཀྱི་གནོན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།དེ་བས་མི་རྣམས་ལ་གནོན་ཤུགས་དེ་ཇེ་ཡང་དུ་གཏོང་བའི་ཁོར་ཡུག་ཅིག་དགོས་པ་རེད།དྲ་རྒྱའི་དབྱིངས་ཞུགས་པ་ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་མོད།འོན་ཀྱང་དྲ་རྒྱའི་དབྱིངས་ཞུགས་པའི་འགན་ཁུར་ཚང་མ་དྲ་རྒྱ་བཀོལ་སྤྱོད་མཁན་གྱི་ཐོག་ཏུ་བཞག་ན་མི་འགྲིག་པ་རེད།
  1.དྲ་རྒྱ་དང་ན་གཞོན་དང་ལོ་ཆུང་བར་གྱི་འབྲེལ་བ།
        དྲ་རྒྱ་ནི་དུས་རབས་ཤིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས།དེའི་རང་དབང་རང་བཞིན་དང་ཚན་རྩལ་རང་བཞིན།དར་སྲོལ་རང་བཞིན་བཅས་ཀྱིས་ན་གཞོན་དང་ལོ་ཆུང་རྣམས་ཀྱི་ཡིད་དབང་ཕྲོགས་པ་རེད།དྲ་རྒྱའི་རང་དབང་རང་བཞིན་གྱིས་ན་གཞོན་དང་ལོ་ཆུང་རྣམས་ལ་རང་རེའི་ཁྱད་ཆོས་མཚོན་པའི་བར་སྟོང་གསར་པ་ཞིག་འདོན་སྤྲོད་བྱས་པས།ཁོ་ཚོས་དྲ་རྒྱའི་སྟེང་ནས་རང་ཉིད་ཀྱི་རང་གཤིས་ངོ་མ་དེ་ཅི་དགར་མངོན་ཆོག དྲ་རྒྱའི་ཚན་རྩལ་མཐོ་བའི་ཁྱད་ཆོས་ལ་ན་གཞོན་དང་ལོ་ཆུང་རྣམས་ཀྱིས་སེམས་གཏིང་ནས་དད་གུས་བྱེད་པ་དང་།ཁོ་ཚོར་ཆ་འཕྲིན་དུས་རབས་ཀྱི་དཔའ་བོ་བྱེད་འདོད་ཀྱི་བསམ་བློ་འབྱུང་སླ།དྲ་རྒྱའི་དར་སྲོལ་རང་བཞིན་དེ་ན་གཞོན་དང་ལོ་ཆུང་རྣམས་ཀྱིས་དར་སྲོལ་ལ་སྙེག་པའི་སེམས་ཁམས་དང་མཐུན་འདུག་ཅིང་།གལ་ཏེ་དྲ་རྒྱར་མི་ཞུགས་པ་དང་ཞུགས་མ་ཤེས་ན་དུས་རབས་ཀྱི་རྗེས་མི་ཆོད་པའི་ཚོར་སྣང་འབྱུང་བཞིན་ཡོད།
        བར་སྟོང་ཚད་མིད་ལྡན་པའི་དྲ་རྒྱས་ན་གཞོན་དང་ལོ་ཆུང་རྣམས་ཀྱི་འབྲེལ་འདྲིས་རྒྱ་བསྐྱེད་པ་དང་།དྲ་རྒྱའི་སྟེང་ནས་གྲོགས་པོ་བསྒྲིགས་པ་ནི་ན་གཞོན་དང་ལོ་ཆུང་རྣམས་ལ་མཚོན་ན་མི་དང་མིའི་བར་གྱི་འབྲེལ་འདྲིས་བྱེད་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད།དེ་མིན།དྲ་རྒྱའི་སྟེང་གི་རོལ་རྩེད་ནང་ཞུགས་རྗེས་ན་གཞོན་དང་ལོ་ཆུང་རྣམས་མངོན་སུམ་འཚོ་བའི་ཁྲོད་ཀྱི་ཕམ་ཁ་དང་འགལ་བ་སྣ་ཚོགས་ལ་གཡོལ་ཐུབ།གཞན་ད་རུང་རོལ་རྩེད་ཁྲོད་རང་འདོད་ལྟར་གཉེན་སྒྲིག་པ་དང་མི་གསོད་པ།མི་གཞན་པར་ངན་བཤད་པ་བཅས་བྱེད་ཆོག དྲ་རྒྱའི་ཁྲོད་དུ་ཁོ་ཚོར་ད་གཟོད་རང་འདོད་དང་རང་དབང་ཚད་མིད་ཅིག་ཡོད་པས།ན་གཞོན་དང་ལོ་ཆུང་ཁ་ཤས་ལ་མངོན་སུམ་འཚོ་བའི་ཁྲོད་ཐོབ་མི་ཐུབ་པའི་སྐྱིད་སྣང་ཚད་མིད་སྦྱིན་ཐུབ།
        2.མི་སྒེར་གྱི་གཤིས་ཀས་ན་གཞོན་དང་ལོ་ཆུང་རྣམས་ལ་དྲ་རྒྱའི་དབྱིངས་ཞུགས་པར་ཐེབས་པའི་ཤུགས་རྐྱེན།
        ཞིབ་འཇུག་པས་བསྟན་དོན།གཤིས་ཀ་མི་འདྲ་བའི་དྲ་རྒྱ་བཀོལ་སྤྱོད་པ་སོ་སོར་མཚོན་ན།ཡིད་དབང་འཕྲོག་པའི་དྲ་རྒྱའི་ནང་དོན་ཡང་མི་འདྲ་བ་རེད།རྒྱལ་ཁ་ཐོབ་འདོད་པ་ནི་ན་གཞོན་དང་ལོ་ཆུང་རྣམས་ཀྱི་ཕུགས་བསམ་ཞིག་དང་ཚང་མར་ཡོད་པའི་སེམས་ཁམས་ཤིག་ཡིན།ན་གཞོན་དང་ལོ་ཆུང་མང་ཆེ་བར་མཚོན་ན།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སློབ་སྦྱོང་གི་གནོན་ཤུགས་ཆེ་བ་དང་།གྲུབ་འབྲས་མངོན་གསལ་མིན་པ།མི་དང་མིའི་བར་ལ་འབྲེལ་བ་འཛུགས་དཀའ་བ་བཅས་ཀྱིས་རང་གིས་རང་ལ་མཐོང་ཆུང་བྱེད་པ་དང་རང་དམན་གྱི་བསམ་བློ་འབྱུང་སླ།དེ་བས་དྲ་རྒྱའི་སྟེང་ནས་ཁོ་ཚོས་ཕན་ཚུན་གདུང་སེམས་སྐྱེས་པ་དང་སེམས་གསོ་བྱས་ཏེ་སེམས་ཁམས་སྟེང་གི་བདེ་སྣང་འཚོལ་བཞིན་ཡོད།དྲ་རྒྱའི་དབྱིངས་ཞུགས་པ་དེས་ཀྱང་སེམས་ཁམས་བདེ་ཐང་ཕྱོགས་ཀྱི་གནད་དོན་ཞིག་མཚོན་པ་རེད།མིའི་རིགས་ཀྱི་ཆེས་རྩ་བའི་དགོས་མཁོ་བསྐངས་རྗེས།ད་དུང་སྔར་ལས་མཐོ་བའི་དགོས་མཁོ་དང་རང་ཉིད་ངོམ་འདོད་ཀྱི་དགོས་མཁོ་འབྱུང་སྲིད།དགོས་མཁོ་དེ་དག་ནི་དྲ་རྒྱའི་འཇིག་རྟེན་ལས་ད་གཟོད་མངོན་འགྱུར་འབྱུང་ལ།དེས་ན་གཞོན་དང་ལོ་ཆུང་རྣམས་ཀྱི་རང་ཉིད་ངོམ་འདོད་ཀྱི་དགོས་མཁོ་སྐོང་ཐུབ།
        གོང་གི་འགྲེལ་བཤད་དེ་དག་ལྟར་ན།དྲ་རྒྱའི་དབྱིངས་ཞུགས་པའི་མི་ལ་མཚོན་ན།ཚོར་བ་རྣོན་པོ་དང་སེམས་སྡུག་པ།ཉམས་ཞན་པ།དོགས་པ་ཟ་བ།སེམས་ཁྲལ་ཆེ་ཞིང་བློ་མི་བདེ་བ།བློ་རྩ་བརྟན་པོ་མིན་པ།རང་ཚོད་མི་ཟིན་པ།སེམས་གུ་དོག་པ།ཤེས་རྟོགས་ཀྱི་ནུས་པ་ཞན་པ།ཡིད་མི་ཆེས་པ།སྐྱོ་སྣང་སྐྱེས་པ།འགན་མི་འཁུར་བ།གྲུབ་འབྲས་དམའ་བ་བཅས་ཀྱི་ཁྱད་ཆོས་ལྡན།།

  (རི་མོ་འདོན་སྤྲོད་བྱེད་མཁན།ཧྲའོ་རྨིན་ཀྲེན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1