གཙོ་ངོས།>> གནའ་ཤུལ།>>གནའ་ཤུལ།

བསོད་ནམས་རབ་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༣༠ཉིན།

༄༅།། སྒོ་མི་ལྷ་ཁང་ཐང་གི་རྡོ་སྦལ་བ།

བསོད་ནམས་རབ་རྒྱས།


        དེ་ཡང་ཁྲི་ཀ་གསེར་ལྡན་རིང་མོའི་བྱང་ཕྱོགས་རྫ་མཐོན་པོ་ཟོ་དགུའི་འདབས་རོལ་ན། ཞིང་ཕྱུགས་མཉམ་གཉེར་བྱེད་པའི་རུ་སྡེ་ཆེན་པོ་ཞིག་ཡོད་པ་དེའི་མིང་ལ་ལྷ་ཁང་ཐང་ཟེར་ཞིང་། སྡེ་བ་འདིའི་ཐང་སྟོད་ཀྱི་བྱང་ཕྱོགས་ལབ་ཙེ་ཉག་ཁ་རུ། རྡོ་ཡི་སྦལ་བ་ཆེན་པོ་ཞིག་ཡོད།དཔྱད་གཞིའི་ཡིག་རིགས་ནང་བཀོད་པ་ལྟར་ན། སྤྱི་ལོ492ལོའི་སྔོན། ད་ལྟའི་ལྷ་ཁང་ཐང་གི་ཤར་བྱང་མཚམས་སུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་པས། སྡེ་བའི་མིང་ལའང་ལྷ་ཁང་ཐང་ཞེས་མིང་ཐོགས་པར་བཤད། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལོ་ཉི་ཤུ་པ་སྤྱི་ལོ1923ལོར།གནའ་དཔྱད་མི་སྣས་སྡེ་བ་འདི་ནས་རྫ་ཆས་ལས་སྣོན་བྱེད་སའི་དོང་ཞིག་རྙེད། ནང་ནས་ས་རྫ་ཚོན་རིས་མ་དང་། རྡོ་གྲི་དང་རྡོ་བཟོས་སྟ་རེ། རྡོ་གཏུན་སོགས་རྡོ་ཆས་རིགས(ལ་ལ་ད་ལྟ་ཁྲི་ཀ་རྫོང་གི་རིག་དངོས་བཤམས་སྟོན་ཁང་དུ་ཉར་ཡོད)མང་པོ་རྙེད། གསལ་འབྱེད་བྱས་པ་བརྒྱུད་དེ་རྡོ་ཆས་འདི་དག་ནི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་མཱ་ཁྱིམ་རྫ་དུང་དུས་སྐབས་ཀྱི་རིག་དངོས་ཀྱི་ཁོངས་སུ་གཏོགས་པར་ཐག་བཅད་ཡོད། རྡོ་ཡི་སྦལ་བ་ཆེན་པོ་དེས་མགོ་བོ་ཡར་བཀྱགས་ཏེ། མིག་ཟུང་གནམ་ལ་ཅེར་ཞིང་། སུག་བཞི་ས་ལ་དམ་པོར་བགྲད་པ། ལྟོ་བ་དབུགས་ཀྱིས་འབུར་བཞིན་ཟོ་དགུའི་རི་རྒྱུད་དང་སྟག་ལུང་གྲོག་རོང་གཉིས་ལ་ཁ་གཏད་དེ་མཆིས། ཞིབ་མོར་བལྟས་ན། སྦལ་བ་འདི་མཆོང་ལྡིང་གི་རྣམ་པ་ལྟར་སྣང་ཞིང་། སྦལ་བའི་ཕྱི་ཚུགས་ལྷའི་སྲོག་ཆགས་ཤིག་དང་འདྲ་བར་རྡོ་ཁྲི་གྲུ་བཞིའི་སྟེང་དུ་ཙོག་པུར་བསྡད་དེ་མཆོད་མཇལ་བྱེད་མཁན་གྱི་དད་ལྡན་མང་ཚོགས་སྣེ་ལེན་བྱེད་མུས་སུ་མཆིས་པ་དང་མཚུངས། རྡོ་ཡི་སྦལ་བ་འདི་དུས་ནམ་ཞིག་ལ་བཞེངས་པ་དང་། འདི་ནི་གནའ་རབས་ཀྱི་རྒྱུད་མཚོན་རི་མོར་དད་གུས་བྱེད་པའི་དངོས་པོ་ཞིག་ཡིན་ནམ་ཡང་ན་དེང་སྐབས་ཪྙེད་པའི་རྡོ་ཆས་གསར་མའི་དུས་སྐབས་དང་གཅིག་མཚུངས་ཡིན་པ་སོགས་དུས་ད་ལྟ་འང་ཁུངས་ལུང་བཙན་པོ་ཞིག་ཪྙེད་མིད་པས་རྗེས་རབས་པས་མུ་མཐུད་དུ་བརྟག་དཔྱད་བྱ་དགོས་པའི་གཞི་རུ་གྱུར་འདུག
        ང་ཚོ་བོད་རིགས་ལ་མཚོན་ན། སྦལ་བ་ནི་ཀླུའི་རིགས་སུ་གཏོགས་པས། དེ་ལ་བཀུར་བ་ལས་ངན་མི་བྱ་བ་དང་། སད་དང་སེར་བ་སོགས་རང་བྱུང་གནོད་འཚེ་འགོག་པ། མི་ལ་ན་ཚ་མིད་ཅིང་ཕྱུགས་ལ་གོད་ཁ་མི་འབྱུང་བའི་ཆེད་དུ་བཞེངས་པར་བཤད་པས། ས་འདིའི་མི་རྣམས་ལ་རྡོ་སྦལ་བའི་སྐོར་གྱི་བཤད་རྒྱུན་མང་པོ་ཡོད། དེའི་ཁྲོད་དུ་འདི་ལྟ་བུའི་ངོ་མཚར་བའི་གཏམ་རྒྱུད་ཅིག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་དེ། རིག་གསར་གྱི་སྐབས་སུ། དམར་སྲུང་དམག་འགའ་ཞིག་གིས་རྡོ་སྦལ་བ་འདི་གས་གཏོར་བྱ་དགོས་སྙམ་སྟེ། སྦལ་བའི་འོག་ཏུ་འགད་རྫས་གྱ་ནོམ་པ་ཞིག་བཞག་རྗེས། སྔ་གཞུག་ཐེངས་གསུམ་ལ་མི་བགོས་མོད། ཡིན་ནའང་འགད་རྫས་ཀྱི་སྡོང་རས་མིས་མ་འཚིག་པར་རྡོ་སྦལ་བ་སྔར་བཞིན་ཀྲོང་ངེར་འགྱིང་འདུག སྣང་ཚུལ་འདི་མཐོང་མ་ཐག་དམར་སྲུང་དམག་རྣམས་དངངས་སྐྲག་སྐྱེས་ཏེ་རང་རང་སར་གར་སོང་ཆ་མིད་དུ་གྱུར། བཤད་རྒྱུན་ལ། དམར་སྲུང་དམག་གཅིག་དེ་མ་ཐག་ཁ་ནས་ཁྲག་བསྐྱུགས་ཏེ་ཚེ་ལས་འདས་པར་བཤད། དུས་དེ་ནས་བཟུང་རྡོ་སྦལ་བའི་མིང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།
        དེང་གི་དུས་འདིར།གནས་སྐོར་ལས་རིགས་རྒྱ་ཆེར་དར་བའི་འགྲོས་དང་བསྟུན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་མ་བསྡུས་རང་འདུས་ངང་གནས་འདི་རུ་འཛོམས་ཏེ་བསང་མཆོད་སོགས་ཀྱི་ཆོ་ག་སྣ་ཚོགས་རྒྱ་ཆེར་སྤེལ་བཞིན་ཡོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1