ཕྱར་བ་གྲུ་འདེགས་ངང་ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-22



—— འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཤིས་ཚིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་པ།

 
    ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་73པའི་བརྙན་ལམ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག《མཐུན་སྒྲིལ་མཉམ་ལས་ངང་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཤིས་ཚིག་སྒྲོན་གནང་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་དང་དེ་བཞིན་རྒྱལ་ཁབ་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནང་བཏོན་གནང་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་གྲོས་འགོ་ཁག་དྲུག་དང་། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་བྱ་ཐབས་ཆེན་པོ་ཁག་ལྔ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པར་རྒྱལ་ཁབ་ཆེན་པོའི་ཀྲུང་གོའི་འགན་འཁྲི་ཁུར་སེམས་མཚོན་པས་རིམས་འགོག་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད།
    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲིའི་ལས་རོགས་རེན་མིང་ཧུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་དུས་བབ་ཕྱག་གཟིགས་དང་དངོས་སྒྲུབ་ཚགས་ཚུད་ཅིག་ཡིན་པས། གང་འདྲ་བྱས་ནས་མུ་མཐུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས་པ་ཚུད་ཡོད་ལ། ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པའང་ཚུད་ཡོད་པ་དེ་ཐོག་ནས་སླར་ཡང་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གཞོལ་བའི་དད་སེམས་བརྟན་པོ་མཚོན་ཡོད་ཅེས་བརྗོད་པ་རེད།
    དབྱི་རག་གི་ཇུས་འདོན་ཚོགས་པའི“ཨ་རབ་གླེང་སྟེགས”ཀྱི་རིགས་གཅིག་མཁས་ཅན་ནཱ་ཏ་མུའུ་·ཨ་པུའུ་ཏུའུ་ལས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་མཐོ་ཚད་ཀྱི་ཐོག་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་འབོད་སྐུལ་ཞིག་རེད་ཅེས་བརྗོད་པ་རེད།
    ཐོ་ཀོ་ལོ་མེ་སློབ་ཆེན་གྱི་ཀྲུང་གོའི་རིག་གནས་ཞིབ་འཇུག་གི་དགེ་རྒན་ཆེ་མོ་བ་ཐེ་ཏུའོ་ཀུའུ་·ཨའེ་མི་ཙུའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་བྱ་ཐབས་ལས་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་བློ་རྒྱ་དང་རྣམ་པ་མངོན་ཡོད་ཅེས་བརྗོད་པ་རེད།
     སར་པི་ཡ་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་ཁང་གི“རྒྱུད་གཅིག་ལམ་གཅིག”ས་ཁུལ་གྱི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དབྱི་ཝོ་ན་·ལ་ཅི་ཝ་ཚེས། ང་ཚོར་ཀྲུང་གོ་ལྟར་གྱི་སྒེར་སེམས་མེད་པར་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་རྒྱལ་ཁབ་དེ་བས་མང་བ་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་དང་འབྲེལ་རྩ་འཛུགས་དེའི་འགོ་ཁྲིད་འོག་མཐུན་སྦྱོར་གྱི་བྱ་སྤྱོད་སྤེལ་དགོས་ཞེས་བརྗོད་པ་རེད།
    ཧ་སག་སི་ཐན་གྱི《ཧ་སག་སི་ཐན་གྱི་ཁེ་ལས་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞེ་ལི་ཁེ་·ཁོའོ་རུང་པ་ཡེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་བྱ་ཐབས་ཆེན་པོ་ལྔས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། བྱ་ཐབས་དེ་དག་ལས་ཀྲུང་གོ་འདི་ཉིད་འགན་འཁྲི་ཁུར་ཕོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་འགན་འཁྲི་ཁུར་སེམས་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།
    ཨེ་ཅིབ་ཀྱི་ཁེ་རོའི་ཨ་རིའི་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནུའུ་ཧཱ་·པེ་ཅིར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་གནང་བར་བག་ཆགས་ཟབ་མོ་བྱུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཀྲུང་གོར་སློབ་སྦྱོང་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1