གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༨ཉིན།

འཇར་མན་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་དེ་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་བར་རྒྱུན་བསྲིང་རྒྱུ་ཐག་བཅད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཀྲིག་སོ་སོའི་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་གྲོས་མཐུན་བཀོད་དེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱེད་ཆེད་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་དེ་ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་བར་རྒྱུན་བསྲིང་རྒྱུ་ཐག་བཅད། 
        རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཀྲིག་སོ་སོའི་སྲིད་གཞུང་གིས་ད་ཡོད་ཀྱི་ཚོད་འཛིན་བྱེད་ཐབས་སྲུང་འཛིན་བྱས་ཆོག་པ་དང་། མི་བཅུ་ལས་མི་བརྒལ་བ་དང་ཡང་ན་ཁྱིམ་ཚང་གཉིས་ལས་མི་བརྒལ་བའི་གཞི་རྒྱ་ཆུང་བའི་འདུ་ཚོགས་སྤེལ་ཆོག་པར་བྱས་ཡོད། སྲིད་གཞུང་གིས་མུ་མཐུད་དུ་མང་ཚོགས་དག་གང་ནུས་ཀྱིས་མི་གཞན་པར་འབྲེལ་འདྲིས་མི་བྱེད་པ་དང་གང་ནུས་ཀྱིས་སྔར་ཡོད་ཀྱི་འབྲེལ་འདྲིས་མི་ཚོགས་སྲུང་འཛིན་བྱེད་དགོས་པའི་གྲོས་གཞི་བཏོན། 
        དེའི་སྔོན་འཇར་མན་སྲིད་གཞུང་དང་ཀྲིག་སོ་སོས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཚོད་འཛིན་བྱེད་ཐབས་དེ་ཟླ་དྲུག་པའི་ཚེས་ལྔའི་བར་རྒྱུན་བསྲིང་བ་རེད། འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་སེ་པེ་ཐི་ཡིས་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་བསྟན་དོན། ཙུང་ལི་མའོ་ཁི་ཨར་གྱིས་སྤྱི་བའི་ཚོགས་ར་ནས་རྨིད་གཅིག་དང་གྲངས་ཆུང་ལྔའི་བར་ཐག་འཛིན་པ་དང་འབྲེལ་ཡོད་ཀྱི་གཏན་འཁེལ་གཞན་པའི་ལག་བསྟར་ཡུན་ཚད་དེ་ཟླ་དྲུག་པའི་ཚེས་ལྔའི་རྗེས་སུ་རྒྱུན་བསྲིང་རྒྱུའི་རེ་བ་བཏོན་ཡོད་ཟེར། 
        འཇར་མན་རིམས་ནད་འགོག་བཅོས་ལས་ཁུངས་ལའོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་དེའི་ཞོགས་པའི་བར་འཇར་མན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་དང་གཉིས་ལ་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་བཞི་བརྒྱ་དང་སོ་གཉིས་ཇེ་མང་དུ་སོང་ཡོད། རིམ་རྩིས་ཀྱིས་ནད་པ་སྟོང་བརྒྱད་དང་སུམ་བརྒྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། སྔ་ཉིན་ལས་ནད་པ་ཞེ་ལྔ་ཇེ་མང་དུ་སོང་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1