གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༢༨ཉིན།

ཇ་བསྲུབས་མའི་དྲི་ཞིམ་དགོས་ལ། དཔེ་དེབ་ཀྱི་དྲི་ཞིམ་ཡང་དགོས།


     དེ་སྔའི་ལོ་གཉིས་ནང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས། རྔ་པ་ཁུལ་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྔ་པ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྔ་པ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་ཨུ་ཡོན་བཞུགས་གནས་ཀྱི་དཔེ་དེབ་འདེམས་ཉོ་བྱེད་ས་ནས་དཔེ་དེབ་གསར་པ་སྒམ་དང་སྒམ་ཉོས་ནས་ཁོང་གིས་བཙུགས་པའི་སྟག་ཚའི་དཔེ་ཁང་དུ་བསྐུར་བ་རེད།
     ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་དཔེ་དེབ་འདེམས་ཉོ་བྱེད་ས་བཙུགས་མེད། ཨུ་ཡོན་སྟག་ཚ་བློ་ཕམ་ཆེན་པོ་བྱུང་མོད། འོན་ཀྱང་གཏམ་བཟང་གཞན་ཞིག་ཐོས་པ་སྟེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པའེ་ཀེང་ཧྲེང་གིས་རྩྭ་ཐང་ཐོག་སྟག་ཚའི་དཔེ་ཁང་ཞིག་ཡོད་པའི་གཏམ་རྒྱུད་ཐོས་རྗེས། ཉེ་དུས་དཔེ་ཁང་ལ་ལོ་རྒྱུས་དང་རྩོམ་རིག་གི་དཔེ་དེབ་ཁག་གཅིག་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ལོ་10ལྷག་ཙམ་གོང་ཨུ་ཡོན་སྟག་ཚ་ཡིས་མ་དངུལ་གྲབས་གསོག་བྱས་ནས་སྣེ་ཁྲིད་དེ་དཔེ་ཁང་དེ་བཙུགས་པ་རེད། དཔེ་ཁང་དེའི་ནང་དུ་ནང་བསྟན་གྱི་བསྟན་བཅོས་ཁྲི་10ལྷག་ཙམ་དང་བོད་རྒྱ་ཡིག་རིགས་ཀྱི་དཔེ་དེབ་སྣ་ཚོགས་ཉར་ཚགས་བྱས་ཡོད་ཅིང་། ལོ་ཧྲིལ་པོར་སྤྱི་དམངས་ལ་རིན་མི་དགོས་པར་སྒོ་འབྱེད་ཀྱི་ཡོད། སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་འོག་དཔེ་ཁང་དེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་རིག་གནས་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། ན་ནིང་། དཔེ་ཁང་གནས་སའི་སྟག་ཚ་དགོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཅེས་པའི་གཟེངས་བསྟོད་བྱས་ཡོད་པ་རེད།
     “ཇ་བསྲུབས་མའི་དྲི་ཞིམ་དགོས་ལ། དཔེ་དེབ་ཀྱི་དྲི་ཞིམ་ཡང་དགོས།” ཨུ་ཡོན་སྟག་ཚ་ཡིས་འགྱུར་ལྡོག་འགྲོ་མགྱོགས་པའི་དེང་རབས་སྤྱི་ཚོགས་སུ་དཔེ་དེབ་ཀྱིས་ཤེས་བྱ་དང་བློ་གྲོས་འཕེལ་བ་མ་ཟད། མི་རྣམས་ཀྱི་འཚབ་འཚུབ་ཀྱི་སེམས་པ་ལྷོད་དུ་གཏོང་ཐུབ། དགེ་འདུན་པས་སྒོམ་སྒྲུབ་ལ་བརྩོན་དགོས་པ་མ་ཟད་། ད་དུང་དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་མང་ཙམ་ཁོང་དུ་ཆུད་པ་དང་དུས་བསྟུན་མདུན་སྐྱོད་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་། ཁྲིད་སྟོན། ཞབས་ཞུ་བཅས་དེ་བས་ལེགས་པ་བྱེད་ཐུབ་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད།
     རིམས་ནད་ཐོན་རྗེས། སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སས་བཀག་སྡོམ་དོ་དམ་ལག་བསྟར་བྱས་ཏེ། འདུ་འཛོམས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་པ་རེད། ཨུ་ཡོན་སྟག་ཚ་ཡིས་དགེ་འདུན་པར་དཔེ་ཀློག་གི་འཆར་གཞི་བཟོ་རོགས་བྱས་ལ། འཆར་གཞིའི་ནང་འཛམ་གླིང་གི་ལོ་རྒྱུས་དང་། གནམ་དཔྱད་དང་ས་ཁམས། འཕྲོད་བསྟེན་བདེ་ཐང་། དེང་རབས་རྩོམ་རིག་སོགས་རྒྱ་བོད་སྐད་གཉིས་ཀྱི་དཔེ་དེབ་སྣ་ཚོགས་ཚུད་ཡོད།
     ཨུ་ཡོན་སྟག་ཚ་ཡིས“ཨུ་ཡོན་ཁག་གཅིག་གིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱེད་དགོས་ཞེས་བརྗོད་པར་ང་ཧ་ཅང་མོས་མཐུན་ཡོད”ཅེས་བཤད་པ་དང་། ཕྱིར་ལོག་བྱས་རྗེས་ཆེད་དོན་དཔེ་ཀློག་དང་ཚགས་པར་ཀློག་པའི་ཚོགས་འདུ་ཞིག་བཀོད་སྒྲིག་བྱས་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1