ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་ནི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་ཞིག་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-16



—— འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་ལ་བཅར་འདྲི་ཞུས་པ།
     ཟླ་6ཚེས་8ཉིན་ནི་ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་ཉིན་མོ་རེད། ཉེ་ཆར། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས། ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མར་འཚམས་འདྲི་གནང་རིང་། ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཕྱོགས་གཉིས་དབར་མགྲིན་གཅིག་ཏུ་མོས་མཐུན་བྱུང་ཡོད། དེ་ནི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་ཞིག་དང་། ཀྲུང་འབར་དབར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་ཞིག རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་ཞིག་བཅས་ཡིན་པས་ཀྲུང་འབར་མཉམ་ལས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་དང་གསོན་ཤུགས་སྣོན་ངེས་རེད་ཅེས་བརྗོད་པ་རེད།
     ཀྲུང་འབར་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་གཅིག་ནས་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་གཉིས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་དངོས་ཡོད་ཀྱི་རྨང་གཞིའང་ལྡན་ཡོད། ཁྲེན་ཧའེ་ཡིས། ཀྲུང་གོ་དང་འབར་མའི་དབར་རི་ཆུ་འབྲེལ་བ་དང་མི་རབས་ནས་མི་རབས་ཁྱིམ་མཚེས་ཡིན་པས་སྤུན་ཟླའི་བརྩེ་སེམས་ཧ་ཅང་ཟབ་མོ་ཡོད། 1950ལོའི་ཟླ་6ཚེས་8ཉིན་ཀྲུང་འབར་རྒྱལ་ཁབ་གཉིས་དབར་དངོས་སུ་ཕྱི་འབྲེལ་བཙུགས་པ་རེད། ལོ་70ཡི་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་རྒྱལ་ཁབ་ཆེ་ཆུང་མེད་པར་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མིག་དཔེ་སྟོན་ཡོད་ཅེས་བརྗོད་པ་རེད།
     ཁྲེན་ཧའེ་ཡིས། མིག་སྔར་ཀྲུང་འབར་རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་། གཉིས་ཁེ་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བ། མཛའ་གྲོགས་སྦྲེལ་ཐག་ཉིན་བཞིན་དམ་དུ་འགྲོ་བ་བཅས་བྱེད་བཞིན་ཡོད། ཀྲུང་གོས་ཡུན་རིང་ནང་འབར་མའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་དང་པོ་དང་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གལ་ཆེན་གྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་འབར་གྱི་སྣུམ་རླངས་སྦུག་ལམ་དང་། རང་ཀོང་ཐ་ཅི་ཐ་རང་བྱུང་སོལ་རླངས་མཉམ་འབྲེལ་འཁོར་རྒྱུག་གློག་ཁང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་འབར་མའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཀྲུང་གོས་མ་འཇོག་བྱས་པའི་འཕྲིན་གཏོང་ཀུང་སིས་འབར་མའི་ཆ་འཕྲིན་དང་འཕྲིན་གཏོང་ཐོན་ལས་ནང་གཏིང་ཟབ་ཞུགས་ཏེ་འབར་མའི་འཕྲིན་གཏོང་ལས་རིགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ། འཁེལ་འཐག་གྱོན་གོས་བཟོ་བའི་ལས་རིགས་སུ་ཀྲུང་གོའི་མ་འཇོག་ལས་འབར་མར་ལས་ཞུགས་གོ་སྐབས་ཁྲི་40ཙམ་བཏོད་ཡོད་ཅེས་བརྗོད་པ་རེད།
     ཏོག་གསར་རིམས་ནད་ཀྱི་འགྲན་སློང་སྐོར་གླེང་སྐབས། ཁྲེན་ཧའེ་ཡིས། ཀྲུང་འབར་ཕྱོགས་གཉིས་པོས་རིམས་ནད་ལ་འགོག་རྒོལ་ཐད་ཕྱོགས་ཡོངས་ཀྱི་མཉམ་ལས་བྱས་ཡོད། ཀྲུང་གོར་རིམས་ནད་ཐོན་རྗེས། འབར་མའི་ཙུང་ཐུང་དང་རྒྱལ་དོན་སྲིད་སྐྱོང་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོར་གློག་འཕྲིན་བཏང་ནས་འཚམས་འདྲི་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་ཡོད། འབར་མ་སྲིད་གཞུང་དང་དམག་དཔུང་། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོར་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། འབར་མར་རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་འབར་མའི་རིམས་འགོག་ལ་རོགས་སྐྱོར་ཧུར་ཐག་བྱས་ཡོད། ཀྲུང་གོ་སྲིད་གཞུང་དང་། དམག་དཔུང་། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་སོགས་ཀྱིས་འབར་མར་རིམས་འགོག་དངོས་ཟོག་ཁག་ཐེངས་མང་པོ་ཞལ་འདེབས་བརྒྱབ་པ་དང་འབྲེལ། སྔ་རྗེས་སུ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་ཐེངས་3བཏང་ཡོད་ཅེས་བརྗོད་པ་རེད།
     ཁྲེན་ཧའེ་ཡིས། ཉེ་ཆར་ང་ཚོས་ཀྲུང་འབར་གྱི་མཉམ་ལས་རྣམ་གྲངས་ཆེན་པོར་སྐུལ་འདེད་གཏོང་བའི་ཐད་འབར་མ་ཕྱོགས་དང་འབྲེལ་གཏུག་ཡང་ཡང་བྱས་པས་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་མཐའ་མཚམས་ཀྱི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་མི་ཁྱབ་པ་བྱས་པ་དང་། འགག་སྒོའི་ཚོང་དོན་ཤར་གཏོང་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དངོས་སྒྲུབ་མཉམ་ལས་ཀྱིས་ཀྲུང་འབར་གྱི་གསབ་རེས་ལེགས་ཆ་འདོན་སྤེལ་དང་། ལས་ཞུགས་ལ་སྐུལ་འདེད། ཡོང་འབབ་མང་གཏོང་། དམངས་འཚོ་ལེགས་གཏོང་བཅས་བྱེད་པར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     ཁྲེན་ཧའེ་ཡིས། ཀྲུང་འབར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྣེ་ཁྲིད་དང་ཕྱོགས་གཉིས་པོའི་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་རིམས་ནད་རྗེས་ཀྱི་དུས་རབས་སུ་ཀྲུང་འབར་དབར་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་ཕན་བདེ་སྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1