གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་གི་སྒོ་ཕྱེས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18


     ཟླ་6ཚེས་16ཉིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་གི་སྒོ་དབྱེའི་མཛད་སྒོ་གཟི་ཚ་སྡེ་དགུ་རྫོང་དུ་སྤེལ་བ་རེད། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ལུའུ་ཡུང་པིན་དང་རྔ་བ་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་དོམ་ཁྲ་གླིང་གི་སྒོ་དབྱེའི་མཛད་སྒོར་ཞུགས་པ་རེད། 


     དོམ་ཁྲ་ནི་ཀྲུང་གོའི་རྒྱལ་ནོར་ཡིན། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྲོག་ཆགས་ཀྱི་རིགས་གཙོ་བོ་ཡིན་པས། འཛམ་གླིང་མི་དམངས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་དུ་གཟབ་རྒྱས་ངང་སྒོ་ཕྱེས་ལ། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་དོམ་ཁྲ་བཞི་ལྟད་མོ་བ་དག་དང་དངོས་སུ་ཐུག་འཕྲད་བྱས་པ་རེད། དེའི་ཐོག་ནས་ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཉམ་དུ“དོམ་ཁྲའི་ཁྱིམ་གཞིས”བསྐྲུན་ནས་ཚན་ཞིབ་སྲུང་སྐྱོང་ཁྱབ་ཁོངས་སུ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཡོད། སི་ཁྲོན་རིག་གནས་ཡུལ་སྐོར་གྱི“སན་ཤིང་ཏུའེ་དང་གཟི་ཚ་སྡེ་དགུ།  དོམ་ཁྲ”བཅས་སྤུས་རྟགས་གསུམ་གྱི་ནང་། “གཟི་ཚ་སྡེ་དགུ”དང“དོམ་ཁྲ”ཡུལ་སྐོར་གཞི་གཅིག་ཏུ་གྱུར་ནས་གཟི་ཚ་སྡེ་དགུ་རྫོང་འདི་ཉིད་དུས་འདི་ནས་བཟུང་འཛམ་གླིང་གི་རང་བྱུང་ཤུལ་བཞག་གཟི་ཚ་སྡེ་དགུ་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག་དོམ་ཁྲ་འཚོ་སྡོད་བྱ་ཡུལ་ཞེས་པའི་མཚན་སྙན་གཉིས་ལྡན་གྱི་དུས་རབས་གསར་པར་སླེབས་ཡོད། 


     གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་ནི་རྒྱལ་ཁབ་དོམ་ཁྲ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་རྣམ་གྲངས་ཤིག་ཡིན། གཟི་ཚ་སྡེ་དགུ་རྫོང་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་2380ཟིན་པ་དང་གཟི་ཚ་སྡེ་དགུ་རྫོང་གྲོང་དང་བར་ཐག་སྤྱི་ལེ་39ཡོད། གཟི་ཚ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཐག་ཉེ་ལ། འགྲིམ་འགྲུལ་སྟབས་བདེ། རྒྱལ་ཡོངས་ཀྱི་དོམ་ཁྲའི་བརྟག་དཔྱད་གྲངས་གཞིའི་སྙན་ཞུ་ལས་མངོན་པར་གཞིགས་ན། གཟི་ཚ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་31ཡོད་པ་དང་། དེའི་ནང་ཝུའུ་ཅའོ་རང་བྱུང་སྲུང་སྐྱོང་ཁུལ་དུ་22ཡོད་པ་རེད། གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་གིས་རྒྱ་ཁྱོན་སྨི་ངོས་གྲུ་321.31ཟིན་ཡོད། ཁྱོན་མ་དངུལ་སྒོར་ཁྲི་6000ཙམ་བཏང་ཡོད། གླིང་ཁུལ་གྱི་ནུས་པར་སྲུང་སྐྱོང་དང་། ཞིབ་འཇུག ཚན་རིག་ཁྱབ་གདལ། དྲིལ་བསྒྲགས་སོགས་གཞི་གཅིག་ཏུ་འདུས་ཡོད། དོམ་ཁྲ་བཞི་ཐོན་པ་དེས་གཟི་ཚ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་ཡོད་པ་ལས་དོམ་ཁྲའི་རྟེན་གཞི་གླིང་ཁུལ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 


     དོམ་ཁྲ་སྲུང་སྐྱོབ་ཞིབ་འཇུག་གི་རྒྱལ་ཁབ་རུ་ཁག་ཡིན་པའི་ངོས་ནས། ཀྲུང་གོ་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཚན་པ་དང་མཉམ་དུ་དོམ་ཁྲ་གསོ་ཚགས་དོ་དམ་དང་སྤྱི་དམངས་ཀྱི་སློབ་གསོའི་ཞིབ་འཇུག་ཧུར་ཐག་བྱས་པ་རེད། མིག་སྔའི་བར་ས་ཁོངས་ཕྱིའི་རྒྱལ་ཁབ་དང་ས་ཁུལ་16གི་སྲོག་ཆགས་གླིང་17དང་ས་ཁོངས་ནང་གི་ཚན་ཞིབ་མཉམ་ལས་ཚན་པ་36དང་དོམ་ཁྲ་སྲུང་སྐྱོང་ཚན་ཞིབ་ཀྱི་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། སྡོམ་གསོས་ཁྱུ་ཚོགས་300ལྷག་ཙམ་ཟིན་ཡོད་ལ། འཛམ་གླིང་ཐོག་མི་ཐབས་ལ་བརྟེན་ནས་དོམ་ཁྲ་གསོ་ཚགས་བྱེད་པའི་ཁྱུ་ཚོགས་ཆེ་ཤོས་དེ་བཙུགས་ཡོད། དོམ་ཁྲ་30ལྷག་ཙམ་རྒོད་པོར་འགྱུར་བའི་གསོ་སྦྱོང་བྱས་ལ།  དོམ་ཁྲ་9གྲུབ་འབྲས་ཐོབ་པའི་ངང་ཕྱིར་གློད་ནས་བྱེས་སུ་འཚོ་ཐུབ་ཡོད། ཕྱི་རོལ་དུ་རྒྱུད་པ་སྤེལ་ནས་འཚོ་ཐུབ་པའི་དོམ་ཁྲ་6ཡོད་པ་རེད། 

     གླིང་སྒོ་འབྱེད་པའི་མཛད་སྒོའི་ཐོག་གཟི་ཚ་སྡེ་དགུའི་རྫོང་ཨུད་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཐའོ་ཀང་གིས“གཟི་ཚ་སྡེ་དགུའི་དོམ་ཁྲ་གླིང་གི་དོམ་ཁྲ་3གྱི་མིང་བསྡུ་བའི་བྱེད་སྒོ”དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1