རིམས་ནད་ཁྲོད་ཨེ་ཤེ་ཡ་དབུས་རྒྱུད་ཀྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བརྟན་ཐོག་ཡར་འཕེལ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-30



     མིག་སྔར། ཨ་མུའུ་གཙང་པོ་དང་ཤིས་ཨར་གཙང་པོའི་འབབ་རྒྱུད་དུ་གནས་པའི་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་གྱི་གྲོ་ཞིང་དུ་སྙེ་མའི་རྦ་རླབས་འཕྱུར་བ་དང་། ཀྭ་རིགས་ཀྱི་དྲི་ཞིམ་འཐུལ་བ། ལས་རིགས་ཁག་གི་མི་རྣམས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་ལ་བྲེལ་བཞིན་ཡོད། དེ་དང་ཆབས་ཅིག“ངར་ལྕགས་ཀྱི་ཟོག་འདྲེན་རུ་ཁག”ཅེས་འབོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་རེ་རེས་འཕྲལ་མཁོ་ཆེ་བའི་རིམས་འགོག་དངོས་ཟོག་དང་། གློག་རླངས་སྒྲིག་ཆས། འཛུགས་སྐྲུན་རྒྱུ་ཆ། རྒྱུན་མཁོའི་བརྒྱ་ཟོག་སོགས་ས་གནས་དེ་གར་དབོར་ནས་ཐོན་ལས་འཁོར་འབྲེལ་གྱི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད། ད་ཆ་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་རྒྱལ་ཁབ་ཀྱི་ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ཀྱིས་ཕྱོགས་གཅིག་ནས་རིམས་འགོག་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རམ་འདེགས་བྱེད་པ་དང་བསྟུན་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ཡོད།
     ཟླ་6ཚེས་15ཉིན། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་དེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབར་མཉམ་དུ་བཏོད་པའི“བདེ་ཐང་གི་དར་གོས་ལམ་བུའི”གྲུབ་འབྲས་གསར་ཤོས་ཤིག་རེད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་དེ་ཅང་ཤིས་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱིས་འཛུགས་སྐྲུན་ནང་ཞུགས་པ་དང་ལྟེ་གནས་ནང་ཀྲུང་ལུགས་གསོ་རིག་གི་རིག་གནས་འགྲེམས་སྟོན་ཁང་དང་། ཉམས་ལེན་ཁང་། ཀྲུང་ལུགས་གསོ་རིག་སྨན་བཅོས་ཁུལ། ཨུ་ཟ་བྷེ་ཁི་སི་ཐན་གྱི་གསོ་རིག་སྨན་བཅོས་ཁུལ། རྒྱང་བསྟེན་ལྷན་འཛོམས་ནད་དཔྱད་ལྟེ་གནས་བཅས་བཙུགས་ཡོད་ལ། གསེར་ཁབ་རྒྱག་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ལུམས་རྒྱག་པ། ཀྲུང་ལུགས་གསོ་རིག་གི་སྦྱར་སྨན། འཕུར་མཉེད། མེ་ཕོར་རྒྱག་པ་སོགས་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བྱེད་ཀྱི་ཡོད།
     ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཧོང་ཝུའེ་ཡིས། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་གསོ་རིག་ལྟེ་གནས་ཀྱི་ཨར་ལས་ནར་འགྱངས་བྱེད་དགོས་བྱུང་ཡང་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་གཉིས་ཀྱི་ཨར་སྐྲུན་མི་སྣའི་ཐུན་མོང་འབད་བརྩོན་འོག་ད་ལྟ་ཚོད་ལྟའི་གཉེར་སྐྱོང་བྱེད་ཐུབ་སོང་། མིག་སྔར་གྲ་སྒྲིག་ལས་དོན་ཚང་མ་བསྒྲུབས་ཚར་བ་དང་རིམས་ནད་འཇགས་རྗེས་ཀྲུང་གོའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཨུ་ཟ་བྷེ་ཁི་སི་ཐན་དུ་འབྱོར་ན་དངོས་སུ་ལས་གཉེར་བྱེད་ཆོག་ཅེས་བརྗོད།
     ཨུ་ཟ་བྷེ་ཁི་སི་ཐན་ལྷོ་རྒྱུད་ཀྱི་སུའུ་ཨར་ཧན་ཧོ་ཀྲོའུ་ཡི་ཧྲ་ཨར་ཀུང་རྡོ་སོལ་གཏེར་ཁའི་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་སུ་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨར་སྐྲུན་མི་སྣས་གཏེར་ཁྲོན་རྒྱ་ཆེར་གཏོང་བ་དང་གཏེར་འདོན་ཁུལ་གྱི་བགྲོད་ལམ་ཤར་གཏོང་གི་ལས་ཀ་དུས་ཚོད་དམ་འཛིན་ངང་སྒྲུབ་བཞིན་ཡོད། 2017ལོའི་ཟླ་9པར་ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ཧྲ་ཨར་ཀུང་རྡོ་སོལ་གཏེར་ཁའི་རྣམ་གྲངས་ལས་འགོ་ཚུགས་པ་རེད། རིམ་སྤོར་སྒྱུར་བཀོད་བྱས་རྗེས་རྡོ་སོལ་གཏེར་ཁའི་ཐོན་ནུས་དེ་དེ་སྔའི་ལོ་རེའི་ཏུན་ཁྲི་16ནས་ཏུན་ཁྲི་90བར་མཐོ་རུ་ཕྱིན་ཏེ་ཨུ་ཟ་བྷེ་ཁི་སི་ཐན་གྱི་དེང་རབས་ཅན་གྱི་རྡོ་སོལ་གཏེར་ཁ་ཆེ་ཤོས་སུ་འགྱུར་རྒྱུ་རེད།
     ཧ་སག་སི་ཐན་ལྷོ་རྒྱུད་ཀྱི་ཅང་པུའུ་ཨར་ཀྲོའུ་ཐཱ་ལ་ཙི་གྲོང་ཁྱེར་དུ་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་ཧ་སག་སི་ཐན་ཡན་ལག་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་ཀྲོའུ་ལི་ཏུང་གིས་ཞིང་ཆུ་འདྲེན་པའི་རྣམ་གྲངས་བསྐྲུན་ནས་ལོ་ཕྱེད་ཙམ་སོང་ཡོད། འདི་ལོའི་ཟླ་2པར་རྣམ་གྲངས་ལས་འགོ་ཚུགས་ཚུན། ཀྲོའུ་ལི་ཏུང་དང་ཁོང་གི་ཚོགས་པས་ཧ་སག་སི་ཐན་གྱི་བཟོ་པ་400ཙམ་གྱི་སྣེ་འཁྲིད་དེ་དཀའ་སྤྱད་འབད་འཐབ་ཀྱིས་ཡན་ལག་ཆུ་ཡུར་བསྐྲུན་ནས་གཙང་པོ་གཙོ་བོ་ཨ་སཱ་ཐཱ་ལཱ་ཙི་གཙང་པོ་ནས་ཞིང་ཆུ་འདྲེན་ཐུབ་ཡོད།
     ཀྲོའུ་ལི་ཏུང་གིས། གཏོགས་ཁོངས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་མ་བཅོས་རྒྱུ་ཆ་དང་བཟོ་པ་མང་ཆེ་བ་ས་གནས་དེ་ནས་རེད། རིམས་ནད་ཀྱིས་རྣམ་གྲངས་ལ་ཤུགས་རྐྱེན་དེ་ཙམ་ཐེབས་མེད། ཅང་པུའུ་ཨར་ཀྲོའུ་ཡི་གྲོང་ཁྱེར་བཀག་སྡོམ་མཇུག་འགྲིལ་རྗེས་རྣམ་གྲངས་འཕྲལ་མར་ཕྱོགས་ཡོངས་ནས་ལས་འགོ་བཙུགས་ཏེ་མིག་སྔར་རྒྱུན་གཏན་གྱི་འཛུགས་སྐྲུན་སླར་གསོ་ཐུབ་པ་དང་རྣམ་གྲངས་ཀྱི་འཆར་གཞི་ཡོངས་སང་ལོའི་དབྱར་དུས་སུ་མཇུག་འགྲིལ་རྒྱུ་རེད། “ཧ་སག་སི་ཐན་གྱི་ཞིང་ཆུ་འདྲེན་པའི་རྣམ་གྲངས་དང་པོ་ཡིན་པའི་ངོས་ནས་ང་ཚོས་རྣམ་གྲངས་དེ་བརྒྱུད་ཞིང་ལས་ཁྱབ་ཁོངས་ཀྱི་ཉམས་མྱོང་གསོག་འཇོག་བྱས་ནས་ཞིང་ཆུ་འདྲེན་དཀའ་བའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱས་རྗེས་ཞིང་ལས་ཐོན་རྫས་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཞིག་རིམ་བཞིན་ཆགས་པ་བྱེད་ཀྱི་ཡིན”ཞེས་བརྗོད།
     ཧ་སག་སི་ཐན་ལྷོ་རྒྱུད་ཀྱི་ཁེ་ཙི་ལེ་ཨའོ་ཨར་ཏཱ་ཀྲོའུ་རུ་ཀྲུང་གོ་བཟོ་སྐྲུན་རྒྱུ་ཆ་རྒྱལ་སྤྱིའི་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིས་འགན་གཙང་བླངས་པའི་ཨའོ་ཨར་ཏཱ་ཤེལ་སྒོ་བཟོ་གྲྭས་སྒྲིག་སྦྱོར་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། རྣམ་གྲངས་དེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཐོན་ནུས་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པས་ལོའི་ཐོན་འབབ་ཏུན་ཁྲི་19.7གྱི་ཇུས་འགོད་བྱས་པ་དང་བསྐྲུན་ཟིན་རྗེས་ཧ་སག་སི་ཐན་གྱི་ཐོན་པའི་ཤེལ་སྒོ་ཐོན་སྐྱེད་ལས་རིམ་དང་པོ་དང་ཨེ་ཤེ་ཡའི་དབུས་རྒྱུད་ས་ཁུལ་གྱི་ཐོན་པའི་ཤེལ་སྒོ་ཐོན་སྐྱེད་ལས་རིམ་ཆེ་ཤོས་སུ་འགྱུར་རྒྱུ་རེད།
     ཁེར་གྷི་སི་ཐན་དུ་ཀྲུང་གོ་ལམ་ཟམ་ཀུང་སིས་སྐྲུན་འགན་འཁུར་བའི་ཁེར་གྷི་སི་ཐན་གྱི་ལྷོ་བྱང་གཞུང་ལམ་རྣམ་གྲངས་ཨང་གཉིས་པ་བརྟན་པོའི་ངང་སྐྲུན་བཞིན་ཡོད། གཞུང་ལམ་དེ་བསྐྲུན་ཟིན་རྗེས་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་དང་ལྷོ་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཅ་ལཱ་ལཱ་པཱ་ཏེ་དང་ཨའོ་ཧྲི་དབར་གྱི་ལམ་ཐག་ཐུང་དུ་གཏོང་ཐུབ་ལ། འགྲུལ་སྐྱེལ་དང་ཟོག་འདྲེན་མ་གནས་ཉུང་དུ་གཏོང་ཐུབ། དེ་ལས་ཀྲུང་གོའི་དངོས་ཟོག་ཁེར་གྷི་སི་ཐན་གྱི་སྐམ་ལམ་བརྒྱུད་ཨུ་ཟ་བྷེ་ཁི་སི་ཐན་དང་། ཐ་ཇི་སི་ཐན། ཧ་སག་སི་ཐན་སོགས་ཉེ་འཁོར་རྒྱལ་ཁབ་ལ་འདྲེན་པའི་ནུས་པ་ཆེ་རུ་གཏོང་ཐུབ་ཀྱི་ཡོད།
     ཀྲུང་གོ་ལམ་ཟམ་ཁེར་གྷི་སི་ཐན་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཀྲང་ཤིན་གྱིས། ལྷོ་བྱང་གཞུང་ལམ་ཨང་གཉིས་པའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭས་གན་རྒྱའི་དངུལ་འབོར་གྱི་77.2%དང་85.2%སོ་སོར་ལེགས་སྒྲུབ་བྱས་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱི་ཨར་སྐྲུན་མི་སྣ་ཁེར་གྷི་སི་ཐན་དུ་འབྱོར་ཡོད། རིམས་འགོག་གི་བླང་བྱ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཉེར་ཡོད་ལ། དུས་ཐེངས་གསུམ་པའི་ལས་གྲྭ་ཡང་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1