གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༦ཉིན།

ཞི་ཅིན་ཕིང་དང་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་གཉིས་ཀྱིས་ཕན་ཚུན་ལ་ངག་འཕྲིན་བསྐུར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་དང་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་ཙུང་ལི་ཧུའུ་རི་ལེ་སུའུ་ཧི་གཉིས་ཀྱིས་ཕན་ཚུན་ལ་ངག་འཕྲིན་བསྐུར། 
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་གཅིག་ཏུ་འབྲེལ་བའི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་མཉམ་ལས་སྤེལ་བ་དང་། དེ་ལས་ཕན་ཚུན་རོགས་འདེགས་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་མཛའ་བཤེས་ཟབ་མོ་མངོན་པར་མཚོན་ཡོད། སྐུ་ཉིད་ཀྱིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་བྱས་རྗེས་བཞག་པར་གདེང་འཇོག་ཚད་མཐོན་པོ་བྱས། ཀྲུང་གོའི་ཕྱོགས་ཀྱིས་མོང་གོལ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་དུ་རིམས་འགོག་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད། མོང་གོལ་མི་དམངས་ཏང་དང་སྲིད་གཞུང་། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་འབད་བརྩོན་འོག མོང་གོལ་གྱི་རིམས་ནད་འགོག་སྲུང་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཉེ་སྔོན་བདེ་བླག་ངང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། 
        ཅང་མ་འགོར་བའི་སྔོན་སྐུ་ཉིད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་གོ་དགུ་འགོར་བའི་སྐབས་སུ་ཆེད་དུ་བདག་ལ་འཕྲིན་ཡིག་བསྐུར་ཡོང་། དེ་ལས་ཁྱེད་དང་མོང་གོལ་མི་དམངས་ཏང་གིས་ཀྲུང་གོ་དང་མོང་གོལ་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མོང་གོལ་མི་དམངས་ཏང་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྣེ་ཁྲིད་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་དགོས་ངེས་ཀྱི་བྱས་རྗེས་འཇོག་འདོད་ཡོད་ཟེར། 
        ཧུའུ་རི་ལེ་སུའུ་ཧི་ཡིས་དེའི་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསྐུར་བའི་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་འབད་བརྩོན་ལྷོད་མེད་བྱས་འོག ཀྲུང་གོས་བདེ་བླག་ངང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱས་ཤིང་། རྒྱལ་ཁབ་རང་གི་མི་དམངས་ཀྱི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་གང་ལེགས་བྱས་པར་མ་ཟད། འཛམ་གླིང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ལའང་བྱས་རྗེས་ཆེན་པོ་བཞག་ཡོད། དོན་དེར་བདག་གིས་སེམས་གཏིང་ནས་ཡིད་སྨོན་ཆེས་ཆེར་བྱེད་བཞིན་ཡོད། 
        ཉེ་བའི་ལོ་འགའི་རིང་ལ་ཏང་ཁག་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོའི་སྒྲོམ་གཞིའི་ནང་། མོང་གོལ་མི་དམངས་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བས་བདག་ཀྱང་དོན་དེར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ང་ཚོ་ཏང་ཁག་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ན། མཉམ་དུ་དར་རྒྱས་དང་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1