གོ་ལ་ཧྲིལ་པོར་ཉིན་གཅིག་ལ་ནད་པ་འབུམ་གཉིས་འཕར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-07



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་10པའི(པེ་ཅིང་གི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་16པ)བར། གོ་ལ་ཧྲིལ་པོར་ཉིན་གཅིག་ནང་གསར་དུ་འཕར་བའི་ཏོག་གསར་གློ་ཚད་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཐེངས་དང་པོར་ཁྲི་20ལས་བརྒལ་ནས་ཟིན་ཐོ་གསར་པ་བཏོད་པ་རེད། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ད་ཆ་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་ནུས་པ་ཐོན་རྒྱུའི་བར་ད་དུང་དུས་ཡུན་རིང་ལ། དུས་ཚོད་ངེས་ཅན་ནང་ནད་དུག་ད་དུང་མི་རྣམས་དང་མཉམ་དུ་གནས་རྒྱུ་ཡིན་པས། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་སྔར་བཞིན་འགག་རྩ་ཡིན་པར་ངོས་འཛིན་བྱས་ཡོད། 
     ཚེས་4ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པར་གཞིགས་ན། འཛམ་གླིང་ཡོངས་སུ་ཉིན་སྔོན་མ་དང་བསྡུར་ན་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་212326འཕར་ཡོད། མིག་སྔར་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ནད་དཔེའི་གྲངས་འབོར་ཁྲི་1092ལས་བརྒལ་བ་དང་ཚེ་འདས་ཁྲི་52ལས་བརྒལ་ཡོད་པ་རེད། ཨ་མེ་རི་ཁ་གླིང་ནི་འཛམ་གླིང་ཡོངས་ཀྱི་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཁོངས་ཡིན་ཞིང་། ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་557ལྷག་ཙམ་ཟིན་ལ། དེས་གོ་ལ་ཧྲིལ་པོའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་ཟིན་ཡོད། དེའི་རྗེས་ཡོ་རོབ་ཡིན་ཞིང་། ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཁྲི་275ལས་བརྒལ་ཡོད། ཨ་རི་ནི་མིག་སྔར་རིམས་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་དེ་རྗེས་རིམ་རྩིས་བྱས་ན་ནད་དཔེ་ཅུང་མང་བའི་རྒྱལ་ཁབ་ལ་ད་དུང་པར་ཙིར་དང་། ཨུ་རུ་སུ། རྒྱ་གར། ཕེ་རུ། ཆི་ལི་སོགས་ཡོད་པ་རེད། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་ཉིན་ཤས་གོང་། རྒྱལ་ཁབ་མང་པོས་རིམས་ནད་འགོག་པའི་ཐད་གྲུབ་འབྲས་ཁ་ཤས་བླངས་ཡོད་མོད། འོན་ཀྱང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ། རིམས་ནད་དོན་དངོས་སུ་མགྱོགས་མྱུར་ངང་མཆེད་བཞིན་ཡོད་ཅེས་བརྗོད།
     ཨ་མེ་རི་ཁའི་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་4ཉིན་གྱི་དགོང་མོ་བར། ཨ་རིར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་283.9ལས་བརྒལ་བ་དང་། ཚེ་འདས་ནད་དཔེ་ཁྲི་12.9ལས་བརྒལ་ཡོད། གྲངས་འབོར་དེ་གཉིས་ཀ་འཛམ་གླིང་ཡོངས་སུ་མང་ཤོས་ཡིན། བསྟུད་མར་ཉིན་ཤས་རིང་། ཨ་རིའི་ས་ཆ་མང་པོར་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་པོ་ཡོད་པ་དང་། གསར་དུ་འཕར་བའི་ནད་དཔེ་ཡིས་མུ་མཐུད་ཟིན་ཐོ་གསར་པ་བཏོད་ཡོད། ཚེས་4ཉིན་ནི་ཨ་རིའི་རང་བཙན་ཉིན་མོ་ཡིན། ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱི་དྲ་ཚིགས་ཐོག་ཉིན་དེར་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གྲངས་གཞི་གསར་པ་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ཆུ་ཚོད་24རིང་ཨ་རི་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་57718མང་དུ་ཕྱིན་ཡོད་ལ། རིམས་ནད་བྱུང་ཉིན་ནས་བཟུང་གི་ཉིན་རེའི་གསར་འཕར་ནད་དཔེའི་གྲངས་འབོར་གྱི་ཟིན་ཐོ་གསར་པ་བཏོད་ཡོད། 
     པར་ཙིར་འཕྲོད་བསྟེན་པུས་ཚེས་3ཉིན་གྱི་ཕྱི་དྲོར་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གཞི་གྲངས་ལྟར་ན། པར་ཙིར་དུ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཁྲི་153ལས་བརྒལ་བ་དང་ཚེ་འདས་ནད་དཔེ་ཁྲི་6.3ལས་བརྒལ་བ་རེད། པར་ཙིར་འཕྲོད་བསྟེན་པུའུ་ཡིས་བསྟན་དོན། མིག་སྔར་རྒྱལ་ཁབ་དེའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེའི་འཕེལ་ཚུལ་ལ་གཞིགས་ན་སྔར་བཞིན་སེམས་ཁྲལ་གྱི་གནས་ཡིན་ཏེ་ནད་དུག་མགྱོགས་མྱུར་མཆེད་པའི་འཕེལ་ཕྱོགས་མངོན་ཡོད། རིམས་ནད་བྱུང་ཚུལ་ཡང་མངའ་སྡེ་སོ་སོའི་གྲོང་ཁྱེར་ཆེན་པོ་ནས་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་སུ་མཆེད་བཞིན་ཡོད་པ་རེད་ཅེས་བརྗོད། 
     ཨུ་རུ་སུར་ཚེས་4ཉིན་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་67ལས་བརྒལ་བ་དང་། ཚེ་འདས་ནད་དཔེ་ཁྲི་ལས་བརྒལ་ཡོད་པ་རེད། ཨུ་རུ་སུའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ལཱ་ཧྲི་ཁོའོ་ཡིས་ཚེས་3ཉིན་བསྟན་དོན། གལ་ཏེ་ཨུ་རུ་སུའི་མངའ་ཁོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐེངས་གཉིས་པ་བྱུང་ན། དེའི་གཞི་ཁྱོན་ནི་ཐེངས་དང་པོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལྟར་ཆེན་པོ་ཡིན་མི་སྲིད། དེའི་རྒྱུ་མཚན་ནི་ཨུ་རུ་སུའི་མང་ཚོགས་ཁག་གཅིག་ལ་རིམས་ཐར་ནུས་པ་ལྡན་ཡོད་ཅིང་། ཨུ་རུ་སུས་སྔོན་འགོག་དང་སྨན་བཅོས་ཐད་དེ་མཚུངས་ཀྱི་མ་ལག་བཙུགས་ཡོད་པས་སོ༎ འོན་ཀྱང་གལ་ཏེ་མང་ཚོགས་ཁག་གཅིག་གིས་མི་སྒེར་གྱི་འགོག་སྲུང་ལྷོད་གཡེང་དུ་བཏང་ཚེ་ཨུ་རུ་སུའི་ཏོག་གསར་གློ་ཚད་རེད་ཚད་མཐོ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1