ས་མཐོར་བདེ་སྐྱིད་འཚོ་བའི་ལམ་བུ་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13



—— སི་ཁྲོན་དཀར་མཛེས་ཁུལ་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་མཐོང་ཐོས་དངོས།


འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་འདམ་རའི་སྤྱི་གླིང་གི་ཟུར་ཞིག་ཡིན་པ།
     ཉིན་དགུང་གི་དུས་སུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་བོད་རིགས་ཕོ་གཞོན་ངག་ཚེས་གློག་སྒུལ་སྦག་སྦག་བཞོན་ནས་ས་མཐོའི་གྲོང་སྡེ་ཆུང་ངུའི་ཁྲོམ་གཞུང་ཆེ་ཆུང་གང་སར་ཉོ་སྐྱེལ་སྐྱེལ་བར་སྐྱོད་ཀྱི་ཡོད། ངག་ཚེ་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་དབུལ་སྐྱོར་རུ་མིའི་རོགས་རམ་འོག་འདི་ལོའི་ཟླ་3པ་ནས་བཟུང་ཁོང་ཉོ་སྐྱེལ་པ་ཞིག་བྱས་ནས་ད་བར་མངགས་ཐོ་ཐེངས་2000ལྷག་ཙམ་རག་ནས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།
     ངག་ཚེ་དང་འདྲ་བར་སི་ཁྲོན་དཀར་མཛེས་ཁུལ་ཡི་མང་ཚོགས་ཁྲི་སྟོང་མང་པོ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་སྟེ་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱུང་ཡོད། འདི་ལོའི་ཟླ་2པར་དཀར་མཛེས་ཁུལ་ཡི་རྫོང་དབུལ་པོ་ཚང་མ་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད། གསར་འགོད་པ་དཀར་མཛེས་ཁུལ་རུ་སྐྱོད་སྐབས་གངས་ལྗོངས་ས་མཐོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་།
     དམངས་འཚོ་ལེགས་གཏོང་འཕོ་འགྱུར་གསར་པ་བྱུང་།
     དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ནད་ཁང་ཞིག་ཏུ་སྐྱོད་སྐབས་ཐུམ་འབུའི་ནད་ཕོག་ནས་མཆིན་པ་ཕྱེད་ཀ་བཀོག་ཟིན་མ་ཐག་པའི་སྡེ་དགེ་རྫོང་གི་ཚེ་མཚོ་ཉིན་གཉིས་གསུམ་གྱི་རྗེས་སྨན་ཁང་ནས་དོན་མཁན་ཡིན་ཞིང་། སྨན་རིན་སྒོར་ཁྲི་4ལྷག་ཙམ་སྨན་བཅོས་འགན་བཅོལ་དང་སྲིད་ཇུས་ཁག་གི་ཁ་གསབ་དངུལ་ནས་རྩིས་ཞུ་བྱས་རྗེས་ཁོང་རང་ཉིད་ཀྱིས་སྒོར་ཁ་ཤས་ལས་བཏོན་དགོས་ཀྱི་མེད།
     ཚེ་མཚོས། དང་ཐོག་རང་ཉིད་དངངས་སྐྲག་ཆེན་པོ་བྱུང་། འོན་ཀྱང་སྨན་པ་ཚོས་སེམས་ཁྲལ་བྱེད་མི་དགོས་པའི་ཁ་ཏ་བསླབ་བྱ་དང་སེམས་གསོ་ཡང་ཡང་བྱས་བྱུང་ཞེས་བཤད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར་དཀར་མཛེས་ཁུལ་རུ་ཐུམ་འབུའི་ནད་ཀྱི་དམིགས་ཚད་མི་ཚོགས་ལ་གྲལ་བཤེར་བྱེད་ཚད་98.01%ཟིན་པ་དང་ད་ཆ་ནད་པ་ཁྲི་1ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་བཞིན་ཡོད་པ་རེད། “བརྟག་དཔྱད་བྱེད་དགོས་རིགས་ལ་བརྟག་དཔྱད་བྱེད་པ་དང་། བཅོས་དགོས་རིགས་བཅོས་པ། རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱེད་པ”བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
     མཐོ་གྲང་འབྲོག་ཁུལ་དུ་གནས་པའི་ཁེར་རི་རྫི་བ་གྲོང་ཚོ་ནི་དཀར་མཛེས་ཁུལ་ལི་ཐང་རྫོང་གི“གློག་ཤར་གཏོང་ཐུབ་པའི་གྲོང་ཚོ”མཐའ་མ་དེ་ཡིན་པ་རེད། 2019ལོའི་ལོ་མཇུག་ཏུ་གསར་འགོད་པ་གློག་ཤར་གཏོང་ཐུབ་ཉེར་ཡོད་པའི་གྲོང་ཚོ་དེར་སྐྱོད་སྐབས་གང་སར་འགྱུར་ལྡོག་ཡོང་གྲབས་ཡོད་པའི་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པ་མཐོང་བྱུང་། སྒོ་རྩིས་ཚོང་ཁང་དུ་དངུལ་བསྡུའི་འཕྲུལ་འཁོར་གསར་པ་བསྒར་ཟིན་པ་དང་གྲོང་མགོར་གསར་དུ་བསྐྲུན་པའི“གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས”ལ་ཚོན་རྩི་བཏང་ཟིན་འདུག ད་ལྟ་ཁེར་རི་རྫི་བ་གྲོང་ཚོ་མཚན་མོ་གློག་ཁྲ་ཆེམ་ཆེམ་དུ་གནས། ས་གནས་དེ་གའི་ལས་བྱེད་པ་ཝང་ཅི་ཅང་གིས་གསར་འགོད་པར་གཅིག་སྡུད་ཐོག་གཞིས་ཆགས་བྱུང་རྗེས་གྲོང་ཚོར་གློག་ཤར་གཏོང་ཐུབ་ནས་འབྲོག་པ་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་མདུན་ལམ་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་ཡིས་ཤང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་ལམ་སྤྱི་ལེ་3696དང་གྲོང་ཚོར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་སྤྱི་ལེ་21894བསྐྲུན་པ་དང་། གྲོང་ཚོ་དབུལ་པོ་985ཡི་བདེ་འཇགས་འཐུང་ཆུའི་ལས་གྲྭ་སྲ་བརྟན་དང་རིམ་སྤོར། གྲོང་ཚོ་4337གྱི་གློག་དྲ་དང་འཕྲིན་གཏོང་དྲ་རྒྱ་སྒྱུར་བཀོད་རིམ་སྤོར། ཞིང་འབྲོག་དུད་ཚང་ཁྲི་11.3གྱི་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཡོད།
     ཐོན་ལས་འཕེལ་རྒྱས་རེ་བ་གསར་པས་ཕྱུག
     ཉག་ཆུ་རྫོང་དུ་བེ་ཤའི་ཐོན་ཁུངས་འབེལ་པོ་ཡོད་པ་དང་། དེ་དག་རི་པིན་དང་། ཧན་གོ ཡོ་རོབ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ད་ཆ་ཡུལ་གྲུ་གང་སར་སྐད་གྲགས་ཆོད་པའི“བེ་ཤའི་ཕ་ཡུལ”དུ་གྱུར་ཡོད།
     ཤ་མོའི་དྲོད་ཁང་ནས་གསར་འགོད་པས་ལོ་35ལ་སླེབས་པའི་དུད་ཚང་དབུལ་པོ་ཚེ་རིང་སྒྲོལ་མ་མཐོང་བྱུང་། ཁོ་མོ་མ་གཞི་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད། འོན་ཀྱང་། ཁྱོ་གའི་གཟུགས་པོ་ཡག་པོ་མེད་པའི་ཁར། ཕྲུ་གུ་གཉིས་ལོ་ན་ཕྲ་བས་དཔལ་འབྱོར་གྱི་ཁུར་པོ་ཧ་ཅང་ལྕི་པོ་ཡོད། “ཉག་ཆུའི་བེ་ཤའི་ཐོན་ལས་གླིང་དུ་སླེབས་རྗེས་ངས་ལག་རྩལ་ཤེས་བྱུང་། ད་ཆ་གླིང་ཁུལ་གྱི་ཚོད་ལྟ་ཁང་དུ་སོན་གསོ་བ་དང་དྲོད་ཁང་ནས་ཤ་མོ་འཐུ་བར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ཙམ་ཡོང་གི་འདུག”ཅེས་བཤད། ཚེ་རིང་སྒྲོལ་མས་རྒྱུན་དུ་རི་སྟེང་དུ་བེ་ཤ་འཐུ་བར་འགྲོ་གི་ཡོད་པ་དང་། ཐོན་ལས་གླིང་གིས་བེ་ཤ་ཉོས་ནས་ཡོང་འབབ་མང་དུ་བཏང་བ་བརྒྱུད་ན་ནིང་ཁོང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་རེད།
     ཡུལ་སྐོར་ནི་དཀར་མཛེས་ཁུལ་ཡི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་རེད། 2019ལོར་ཁུལ་རུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་3300ལྷག་ཙམ་ཟིན་ནས་མང་ཚོགས་མི་ཉུང་བ་ཞིག་ལ་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད།
     ལོ་37ལ་སླེབས་པའི་ལྕགས་ཟམ་ཁ་རྫོང་གི་ཀྲང་ཞུའེ་ཧྥུང་ལོ་ཁ་ཤས་གོང་ཕ་ཡུལ་དུ་ལོག་པ་དང་། ཁོང་གིས་གླ་པ་རྒྱུག་པ་ལས་བྱུང་བའི་ཡོང་འབབ་སྤྱད་དེ་ཁྱིམ་ཚང་གི་ཞིང་ར་ཞིག་བསྐྲུན་པ་དང་། ཀུ་ཤུའི་སྡོང་པོའི་གསེབ་ཏུ་སྨན་རྩྭ་བཏབ་པ་བརྒྱུད་ས་ཞིང་མུའུ་རེ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་3ཡོང་གི་ཡོད་པ་རེད། “གོམ་སྟབས་རྗེས་མར་ཁང་པ་རྙིང་པ་མཛེས་བཟོ་བྱས་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་རྩིས་ཡོད”ཅེས་ཀྲང་ཞུའེ་ཧྥུང་གིས་བཤད།
     སྣོད་བཅུད་འཛུགས་སྐྱོང་ཁོར་ཡུག་མཛེས་སྡུག་ལྡན།
     གསར་འགོད་པས་རྒྱང་ལྟ་བྱེད་སྐབས་རྫོང་གྲོང་སྔོ་ཐིང་ཐིང་གི་ལྗོན་ཤིང་གིས་བཏུམས་པ་དང་ནུབ་ཕྱོགས་ཀྱི་རི་ལྡེབས་སུ་སྤྲིན་གསོམ་ལས་གྲུབ་པའི“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པ་མཐོང་གི་འདུག
     སྣོད་བཅུད་དམངས་ཕན་གྱི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་འདབ་པ་རྫོང་ཉི་རྟེན་གྲོང་ཚོ་སོཌ་རྫོང་ཡོངས་ཀྱི་ཆེས་རྗེས་ལུས་ཀྱི་གྲོང་ཚོ་ཁག་གཅིག་རྫོང་ཁོངས་ཀྱི་ཆེས་འབྱོར་ཕྱུག་ལྡན་པའི་གྲོང་སྡེར་གྱུར། འདབ་པ་རྫོང་སེམས་ཀྱི་ཉི་ཟླ་གྲོང་རྡལ་དགའ་དབྱངས་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་དབང་མོས་རང་ཁྱིམ་གྱི་ཐོག་སོ་བཞི་ལྡན་གྱི་ཁང་པ་རྙིང་པ་ཚོང་པར་བོཌ་མར་བཏང་ཞིང་། སྡོད་ཁང་རྙིང་པ་དེ་སྡོད་ཁང་རྩེ་གྲ་ཞིག་ཏུ་སྒྱུར་བཀོད་བྱས་རྗེས་ཚོང་དེ་བས་བྲིན་ཁ་རྒྱུག་པོ་བྱུང་ནས་། བཀྲ་ཤིས་དབང་མོར་ལོ་ལྟར་བོགས་དངུལ་སྒོར་ཁྲི་50རག་གི་ཡོད་པ་རེད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་དུ་དཀར་མཛེས་ཁུལ་ཡིས་སྣོད་བཅུད་སླར་གསོ་དང་སྣོད་བཅུད་མ་ལག་གི་ནུས་པ་སླར་གསོ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ“རི་ལ་ཤིང་འཛུགས་པ་དང་། ལམ་ཟུར་དུ་མེ་ཏོག་འདེབས་པ། གཙང་པོ་མཚོ(འདམ་ར)རུ་འགྱུར་བ”སོཌ་གཙོ་གནད་ལས་གྲྭར་སྐུལ་འདེད་བཏང་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་84.36བཏང་ནས་རི་ལ་རྩི་ཤིང་མུའུ་ཁྲི་145ལྷག་ཙམ་བཏབ་པ་དང་། ལམ་ཟུར་དུ་མེ་ཏོག་སྤྱི་ལེ་2200བཏབ་པ་དང་། གཙང་པོ་མཚོ(འདམ་ར་)རུ་གྱུར་བ་མུའུ་ཁྲི་3ལྷག་ཙམ་ཡོད་པ་རེད།
     དཀར་མཛེས་ཁུལ་རྟའུ་རྫོང་དུ“ཁམས་པའི་ས་མཐོའི་རྩི་ཤིང་ལྡུམ་ར”མཐའ་མཇུག་གི་ཨར་ལས་དུས་མཚམས་སུ་སླེབས་པ་དང་སྔོན་དཔག་བྱས་ན་འདི་ལོ་ལས་མཇུག་འགྲིལ་ནས་ལས་འགོ་ཚུགས་རྒྱུ་རེད། “ད་ལྟ་ལས་གཉེར་བྱེད་འགོ་མ་ཚུགས་གོང་ནས་རྩི་ཤིང་ལྡུམ་རར་ལྟ་སྐོར་དང་མེ་ཏོག་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་མི་ཉུང་བ་ཞིག་འདུག”ཅེས་རྩི་ཤིང་ལྡུམ་རའི་འགན་འཁུར་བ་ཧོ་ཤིན་མིང་གིས་གསར་འགོད་པར་བཤད།
འདི་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང“ཁམས་པའི་ས་མཐོའི་རྩི་ཤིང་ལྡུམ་རའི”ནང་གྲོང་མིས་རང་འགུལ་ཆུ་གཏོར་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་པ།

འདི་ནི་ཚེ་རིང་སྒྲོལ་མས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུའི་ཤ་མོ་ཐོན་ལས་གླིང་དུ་ཤ་མོ་འཐུ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1