ཨ་རིའི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པ་ཕྱིར་འཐེན་བྱ་རྒྱུ་མོས་མཐུན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-16


     ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲེང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཨ་རིའི་པོ་སི་ཏུན་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་པོ་ལེ་སི་ཡིས་ཧ་ཝུར་སློབ་ཆེན་དང་མཱ་ས་ཁྲུའུ་སའེ་མངའ་སྡེའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་བཏོན་པའི་འབྲེལ་ཡོད་གཏུག་བཤེར་ཞིབ་གཅོད་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཨ་རིའི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པ་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱས་པ་རེད་ཅེས་བརྗོད་པ་རེད། 
     པོ་ལེ་སི་ཡིས་ཞིབ་གཅོད་འགོ་རྩོམ་པའི་སྐབས་སུ་བརྗོད་དོན། ཁོང་གིས་ཤེས་པ་ལྟར་ན་གཏུག་བཤེར་ཕྱོགས་གཉིས་ཀར་ཐག་གཅོད་ཀྱི་ཇུས་གཞི་བྱུང་ཡོད་ཅེས་དང་། ཁོང་གིས། ཨ་རིའི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པ་མེད་པར་བཟོ་པ་དང་། གཏན་འབེབས་གསར་པའི་རྒྱུན་མཐོང་གི་གནད་དོན་ལ་ལན་བརྒྱབ་པ་ཕྱིར་འཐེན་བྱས་པ་མ་ཟད། དཔྱིད་དུས་ཁྱབ་བསྒྲགས་བྱས་པའི་ཏོག་གསར་རིམས་ནད་ཐོན་རིང་རྒྱལ་སྤྱིའི་སློབ་མས་དྲ་ཐོག་ནས་སློབ་སྦྱོང་བྱེད་པར་དམིགས་པའི་མཛུབ་ཁྲིད་བསམ་འཆར་སླར་གསོ་བྱས་པ་རེད།
     ད་ལོའི་ཟླ་3པར། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས“རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ”ཁྱབ་བསྒྲགས་བྱས་ནས་ཏོག་གསར་རིམས་ནད་ལ་ཁ་གཏད་བཅལ་བ་རེད། ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའི་ཁོངས་གཏོགས་རྒྱལ་ཁོངས་སུ་ཡོང་བ་དང་འགག་སྒོའི་ཁྲིམས་བསྟར་ཅུས་ཀྱིས་དེ་རྗེས་མཛུབ་སྟོན་བསམ་འཆར་ཁྱབ་བསྒྲགས་བྱས་ནས། རིམས་ནད་ཀྱི་རྐྱེན་པས་ཛ་དྲག་གི་གནས་ཚུལ་ཐོན་རིང་འཐུས་མཆན་ཆག་ཡང་སྲིད་ཇུས་སྤྱད་དེ་རྒྱལ་སྤྱིའི་སློབ་མས་དྲ་ཐོག་ནས་སློབ་སྦྱོང་བྱེད་ཆོག་པ་བྱས་ཡོད། 
     ཨ་རིའི་རྒྱལ་ཁོངས་སུ་ཡོང་བ་དང་འགག་སྒོའི་ཁྲིམས་བསྟར་ཅུས་ཀྱིས་ཚེས་6ཉིན་བརྡ་ཁྱབ་བཏང་སྟེ། གལ་ཏེ་ཕྱི་འགྲིམ་སློབ་མས་2020ལོའི་སྟོན་ཁའི་སློབ་སྐབས་སུ་དྲ་ཞུགས་སློབ་ཁྲིད་ཁོ་ན་བྱ་རྒྱུ་ཡིན་ན་ཨ་རིར་བསྐྱོད་པའི་འཐུས་མཆན་ནམ་ཡང་ན་མིག་སྔའི་འཐུས་མཆན་རྒྱུན་འཁྱོངས་མི་ཐུབ་ཅེས་བརྗོད།
     ཕྱི་འགྲིམ་སློབ་མར་དམིགས་པའི་འཐུས་མཆན་གྱི་གཏན་འབེབས་གསར་པ་འདི་ལ་ཨ་རིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་སྐྱོན་བརྗོད་དང་གཏུག་བཤེར་མང་པོ་བྱས་པ་རེད། 
     ཧ་ཝུར་སློབ་ཆེན་དང་མཱ་ས་ཁྲུའུ་སའེ་མངའ་སྡེའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་ཚེས་8ཉིན་སྔོན་ལ་གཏུག་བཤེར་བྱས་ནས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་ལ་འཐུས་མཆན་གྱི་གཏན་འབེབས་གསར་པ་མཚམས་འཇོག་དགོས་པའི་རེ་ཞུས་བྱས་པ་རེད། གཏུག་ཡིག་ནང་། འཐུས་མཆན་གྱི་གཏན་འབེབས་གསར་པ་དེ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི《སྲིད་འཛིན་གོ་རིམ་བཅའ་ཁྲིམས》དང་འགལ་ཡོད་དེ། དེ་ནི་ལུགས་མཐུན་གྱི་རྒྱུ་མཚན་གང་ཡང་བཏོན་མེད་པ་དང་སྤྱི་དམངས་ཀྱིས་དཔྱད་མོལ་བྱས་མེད་པ་མ་ཟད་། བསམ་གཞིགས་ཡག་པོ་བྱས་མེད་པའི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པ་ཞིག་རེད། དེའི་རྗེས་སུ་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་སོགས་མཐོ་སློབ་དང་ཁཱ་ལི་ཕུའུ་ཉི་ཡ་མངའ་སྡེ་ཚུད་པའི་མངའ་སྡེ་མང་པོ་དང་ཨ་རིའི་རྒྱལ་ས་ཝ་ཧྲེང་ཐོན་བཅས་ཀྱིས་ཀྱང་ཞུ་གཏུག་བྱས་ནས་གཏན་འབེབས་གསར་པ་ལག་ལེན་བསྟར་རྒྱུར་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རྒྱལ་ཚོགས་ཀྱི་གྲོས་མི་བརྒྱ་ཙམ་གྱིས་མིང་མཉམ་འགོད་ཀྱིས་ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་ལ་འཕྲིན་ཡིག་སྤྲིངས་ནས་ཕྱི་འགྲིམ་སློབ་མའི་འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པ་མེད་པར་བཟོ་རྒྱུའི་འབོད་སྐུལ་བཏང་བ་རེད། 
     གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་ཁྲིམས་ར་འཚོགས་པའི་བར། སློབ་གྲྭ་གཉིས་ཀྱི་གཏུག་བཤེར་ལ་ཨ་རིའི་མཐོ་སློབ་བརྒྱ་ཕྲག་ཁ་ཤས་དང་། མཐོ་རིམ་སློབ་གསོའི་ཚོགས་པ་70ལྷག་ཙམ་དང་། གྷོའུ་གྷོ། ཕྲ་ཆས་ཀུང་སི་སོགས་མཐོ་རིམ་ཚན་རྩལ་ཀུང་སི་བཅུ་གྲངས་ཀྱིས་བཅའ་ཁྲིམས་ཡིག་ཆ་ཕུལ་ནས་རྒྱབ་སྐྱོར་བྱས་པ་རེད། མཐོ་སློབ་དང་སློབ་གསོའི་ཚོགས་པ་འདི་དག་གིས། འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པས་ཕྱི་འགྲིམ་སློབ་མ་ཚུད་པའི་སློབ་མ་ཡོངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། ཨ་རིའི་མཐོ་སློབ་ཀྱི་རིག་གཞུང་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་ལ་གནོད་འཚེ་གཏོང་རྒྱུ་རེད་ཅེས་བརྗོད། 
     ཨ་རིའི་མཐོ་རིམ་ཚན་རྩལ་ཀུང་སིས་སློབ་གྲྭ་གཉིས་ཀྱི་གཏུག་བཤེར་ལ་རྒྱབ་སྐྱོར་བྱེད་པའི་བཅའ་ཁྲིམས་ཡིག་ཆའི་ནང་། རྒྱལ་སྤྱིའི་སློབ་མས་ཨ་རིའི་དཔལ་འབྱོར་ལ་ལོ་རེར་ཨ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་ཀྱི་ཐད་ཀའི་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། ད་དུང་ཨ་རིའི་ཁེ་ལས་ཀྱིས“མུ་མཐུད་འཛམ་གླིང་གི་གསར་གཏོད་ལ་སྣེ་ཁྲིད་ཐུབ་རྒྱུར”ཕན་ཐོགས་ཡོད་པ་རེད། གལ་ཏེ་རྒྱལ་སྤྱིའི་སློབ་མ་རྣམས་འཐུས་མཆན་གྱི་དབང་གིས་རྒྱལ་ནང་དུ་ཕྱིར་ལོག་ན། ཨ་རིའི་ཁེ་ལས་དང་སྤྱི་ཡོངས་ཀྱི་དཔལ་འབྱོར་ཚང་མར་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད་པ་རེད།  
     ཨ་རིའི་མཐོ་སློབ་དང་སྨྱན་སྦྱོར་གྱིས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། ཨ་རིའི་སྲིད་གཞུང་གིས་ཕྱི་འགྲིམ་སློབ་མའི་འཐུས་མཆན་སྐོར་གྱི་གཏན་འབེབས་གསར་པ་བཏོན་པའི་དམིགས་ཡུལ་གཙོ་བོ་ནི་སྟོན་དུས་ཀྱི་སློབ་དུས་རྒྱུན་ལྡན་ལྟར་སློབ་འགོ་ཚུགས་པ་དང་། སློབ་མ་སློབ་གྲྭར་ལོག་ནས་སློབ་ཁྲིད་བྱེད་པ་བརྒྱུད། དཔལ་འབྱོར་ཁྱོན་ཡོངས་ནས་བསྐྱར་དུ་སླར་གསོ་ཡོང་ཆེད་རེད། འོན་ཀྱང་མིག་སྔར་ཨ་རིའི་རིམས་ནད་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བ་དང་རྒྱལ་སྤྱིའི་ཡུལ་སྐོར་ལ་ཚོད་འཛིན་ནན་པོ་བྱས་ཡོད། གཏན་འབེབས་གསར་པས་ཕྱི་འགྲིམ་སློབ་མ་འབོར་ཆེན་དཀའ་ངལ་ལ་འཕྲད་བཅུག་ཡོད་པ་དང་། མཐོ་སློབ་མང་པོས་རིམས་ནད་ལ་དམིགས་པའི་སྟོན་ཁའི་སློབ་དུས་ཀྱི་སློབ་ཁྲིད་བཀོད་སྒྲིག་ལའང་བར་ཆད་བཟོས་ཡོད། 
     ཨ་རིའི་རྒྱལ་སྤྱིའི་སློབ་གསོ་མཐུན་ཚོགས་ཀྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་རིའི་མཐོ་སློབ་སློབ་མའི་ཁྲོད་ཕྱི་འགྲིམ་སློབ་མས་5.5%བཟུང་བ་དང་མི་གྲངས་ཁྲི་110ཙམ་ཟིན་ཡོད། དེའི་ནང་ཀྲུང་གོའི་ཕྱི་འགྲིམ་སློབ་མས་གསུམ་ཆ་གཅིག་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1