དགེ་རྒན་ཉི་མའི་ལྷོ་པའི་སྐད་སློབ་ཁྲིད་ཀྱི་ལམ་བུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-16


གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་། 
            ལྷོ་པ་མི་རིགས་ལ་མིག་སྔར་མི་3000ལྷག་ལས་མེད་ཅིང་། ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་གྲངས་ཉུང་མི་རིགས་ཤིག་ཡིན། ལོ་མང་པོའི་སྔ་རོལ་ཏུ། ལྷོ་པ་མི་རིགས་ཀྱིས་རི་བོ་ཧི་ལ་ལ་ཡའི་ཤར་ངོས་ཀྱི་ཡར་ཀླུང་གཙང་པོའི་བཞུར་ཁོངས་སུ་འཐུ་རུབ་དང་རི་དྭགས་རྔོན་པའི་འཚོ་བ་སྐྱེལ་གྱིན་ཡོད། ལྷོ་པ་མི་རིགས་ལ་སྐད་ཁོ་ན་ལས་ཡི་གེ་མེད་པས། རྣ་བརྒྱུད་གཅིག་པུར་བརྟེན་དགོས་ཀྱི་ཡོད་སྟབས། དེས་ལྷོ་པ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དཀའ་ཁག་ངེས་ཅན་ཞིག་བཟོས་ཡོད་པ་རེད། 
            དེང་སང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་དུ། ལྷོ་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱ་བ་ནི་སློབ་གྲྭའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། མི་རིགས་མང་པོའི་མཐུན་སྒྲིལ་མཛའ་གཅུགས་ཀྱི་བསྟོད་གླུ་ཞིག་ཀྱང་གསར་རྩོམ་བྱས་ཡོད། 

གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་། 
            ཉི་མ་ནི་ལྷོ་པ་རིགས་ཤིག་ཡིན་ལ། ད་ལོར་ལོ་48ལ་སོན་ཡོད། 2014ལོར། ཉི་མས་ལྷོ་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་འཁུར་སེམས་དང་འཁྲི་སེམས་དྲག་པོ་བཅངས་ཏེ། སླར་ཡང་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་དུ་ལོག་པ་དང་། ཁོས་བོད་ཡིག་དགེ་རྒན་གྱི་འགན་ཁུར་ཞོར་དུ། ལྷོ་པའི་སྐད་ཆ་ལེགས་སྒྲིག་དང་སློབ་ཁྲིད་བྱ་ཐབས་ལེགས་བཅོས་བྱས་ཏེ། བྱིས་པའི་དུས་ནས་ལྷོ་པའི་སློབ་མར་ལྷོ་པའི་སྐད་སྦྱོང་དུ་བཅུག 
            ཉི་མས“ང་རང་སློབ་གྲྭར་ཞུགས་པ་ནས། གྲོང་ཚོའི་ནང་དུ་ལྷོ་པའི་སྐད་ཆུ་བཞུར་བཞུར་བཤད་ཐུབ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པ་ཚོར་བྱུང་། དེའི་སྟེང་ལ་ལྷོ་པ་ལ་སྐད་ལས་ཡི་གེ་མེད་པས། རྒྱུན་འཛིན་བྱ་བའི་དཀའ་ཁག་ཇི་འདྲ་ཆེ་བ་ཤེས་ཐུབ”ཅེས་ཟེར། དུས་དེ་ནས་བཟུང་། ཁོའི་སེམས་སུ་ལྷོ་པའི་སྐད་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་བའི་འདུན་པ་ཞིག་ངང་གིས་སྐྱེས་པ་རེད། 

གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་། 
            ཉི་མ་ཉིང་ཁྲི་གྲོང་ཁྱེར་སྨིན་གླིང་རྫོང་གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་ནས་མཐར་ཕྱིན་རྗེས། ལྷ་ས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ཞུགས་ཏེ་སློབ་གཉེར་བྱས་པ་དང་། དེ་ནས་མཐར་ཕྱིན་རྗེས་སྨིན་གླིང་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། ལས་གནས་ལ་ཞུགས་པ་ནས་བཟུང་། ད་ལྟའི་བར་དུ་སློབ་ཁྲིད་ཀྱི་ལས་ཀ་བྱས་ནས་བསྡད་ཅིང་། སློབ་ཁྲིད་ཉམས་མྱོང་འབོར་ཆེན་ཞིག་བསགས་པར་མ་ཟད། བར་སྐབས་ཤིག་ལ་སྨིན་གླིང་རྫོང་སློབ་འབྲིང་གི་སློབ་གཙོའི་འགན་ཡང་ཁུར་བ་རེད། 
            ལྷོ་པའི་སྐད་རྒྱུན་འཛིན་བྱེད་དཀའ་བའི་གནས་བབ་དྲན་ཐེངས་རེ་ལ། ཉི་མ་དངངས་འཚབ་ཆེན་པོ་སྐྱེས་བཞིན་ཡོད། 2014ལོར། ཁོས་གཞི་ནས་དཔའ་ངར་ལྡན་པའི་སྒོ་ནས་འཚོ་སྐྱོང་ཕུན་སུམ་ཚོགས་པ་དང་ལས་འཕར་གྱི་གོ་སྐབས་དེ་བས་ཡག་པོ་དེ་དག་བསྐྱུར་ཏེ། སླར་ཡང་གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་དུ་ལོག་ནས་སློབ་ཆུང་དགེ་རྒན་ཞིག་བྱས་པ་དང་། ལུས་སེམས་ཡོངས་སུ་རྫོགས་པ་ལྷོ་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་བྱ་བཞག་ཁྲོད་དུ་ཕུལ་བ་རེད། 
 
ཉི་མས་ལྷོ་པའི་སྐད་ཁྲིད་བཞིན་པ། 
            ལྷོ་པའི་རིག་གནས་རྒྱུན་འཛིན་བྱ་བའི་ལ་རྒྱ་བཅངས་ནས། ཉི་མ་མྱུར་བ་མྱུར་བར་སློབ་ཁྲིད་ཀྱི་བྱ་བར་ཞུགས་ཀྱང་། སློབ་མའི་སྦྱངས་འབྲས་ཀྱིས་ཁོར་སེམས་འཁྱག་ཏུ་བཅུག ཉི་མས“རྒྱ་ཡིག་གི་སྒྲ་གདངས་སམ་བོད་ཡིག་གིས་ལྷོ་པའི་སྐད་ལ་སྒྲ་གདངས་ཕབ་པའི་རྐྱེན་གྱིས་སློབ་མའི་སྒྲ་གདངས་དག་གི་མི་འདུག”ཅེས་བློ་ཕམ་པའི་ངང་ནས་དེ་ལྟར་ཟེར། 
            རྗེས་མར་ཁོས་ཆེད་དུ་འབྲེལ་ཡོད་ཆེད་མཁས་པར་བཀའ་འདྲི་ཞུས་ཏེ་རྒྱལ་སྤྱིའི་སྒྲ་རྟགས་རང་སྦྱོང་བྱས་པ་དང་། རྒྱལ་སྤྱིའི་སྒྲ་རྟགས་ཀྱིས་ལྷོ་པའི་སྐད་ལ་སྒྲ་གདངས་ཕབ་སྟེ་སྷོ་པའི་སྐད་སློབ་དེབ་རྩོམ་སྒྲིག་བྱས་པས། སློབ་ཁྲིད་ཀྱི་འབྲས་རྟགས་ཆེ་ཆེར་ཇེ་ལེགས་སུ་ཕྱིན་ཏེ་སློབ་ཁྲིད་ལས་ཕྱོད་གོང་འཕར་བྱུང་བ་རེད། དེང་སྐབས་ཀྱི་ལྷོ་པའི་སློབ་མས་ལྷོ་པའི་སྐད་ཀྱི་རྨང་གཞིའི་མིང་དང་ཚིག་བྱང་ཆུབ་པར་ཤེས་ཀྱི་ཡོད་ཅིང་། སློབ་མ་ཁག་ཅིག་གིས་ལྷོ་པའི་སྐད་ལ་བརྟེན་ནས་ཉིན་རྒྱུན་གྱི་ཁ་བརྡ་བྱེད་ཐུབ་ཀྱི་ཡོད། 
            ཉི་མས“སློབ་གྲྭའི་ནང་དུ་ལྷོ་པའི་སློབ་མ་ཡོད་པར་མ་ཟད། བོད་རིགས་དང་མོན་པའི་སློབ་མ་ཡང་ཡོད།”ཅེས་ཟེར། ཉི་མས་ད་དུང་རང་གི་ཆུང་མ་ཁྲིད་དེ་མཉམ་དུ་ལྷོ་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཞུགས་ཡོད་པ་དང་། ཁོའི་ཆུང་མས་གཟའ་འཁོར་རེ་རེར་སློབ་མ་རྣམས་ལ་ལྷོ་པའི་ཞབས་བྲོ་ཁྲིད་བཞིན་ཡོད། 
            སློབ་གྲྭས་ཆེད་དུ་ལྷོ་པའི་རིག་གནས་གྱང་དང་སྤྱོད་ལམ་སློབ་གསོ་སློབ་སྦྱོང་བྱེད་པའི་བར་ཁྱམས་བཟོས་ཡོད་ཅིང་། ཚོན་མདོག་བཀྲ་བའི་ལམ་ནས་ཆེས་ཐད་མཐོང་གི་ཐབས་ལམ་གྱིས་ལྷོ་པའི་ལོ་རྒྱུས་དང་། ཟ་འཐུང་། གྱོན་གོས། འཚོ་བ་སྐྱེལ་སྟངས་སོགས་འགྲེམ་སྟོན་བྱས་ཏེ། སློབ་མ་རྣམས་ལ་ལྷོ་པའི་རིག་གནས་དང་རང་ཉིད་ཀྱི་ཕ་ཡུལ་རྒྱུས་ལོན་བྱེད་དུ་བཅུག་ཡོད། 
            དེ་མིན་གཞན་ཡང་། སློབ་གྲྭས་བོད་རྒྱ་སྐད་གཉིས་ཡིག་གཟུགས་སློབ་ཚན་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ། སློབ་གྲྭའི་ནང་སྙིང་ཕུན་སུམ་ཚོགས་པ་དང་དོ་དམ་མྱོང་འཇོག་གོང་མཐོར་བཏང་ཡོད། གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་གི་སློབ་གཙོ་ཇོ་དོན་གྲུབ་ཀྱིས་བཤད་རྒྱུར། “སློབ་གྲྭའི་སློབ་སྐྱོང་བསམ་བློ་ནི་སློབ་གསོ་རྒྱུན་སྲོལ་དོ་དམ་གཙོ་བོ་དང་། ལྷོ་པའི་རིག་གནས་རྒྱུན་འཛིན་ཞར་བྱུང་དུ་འཛིན་པ་དང་། སློབ་གྲྭ་ཁྱད་ཆོས་ཅན་སྐྱོང་བ་དམིགས་ཡུལ་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་སློབ་གསོ་སློབ་གྲྭའི་ཉིན་རྒྱུན་དོ་དམ་དང་སློབ་ཁྲིད་བྱ་བའི་ཁྲོད་འཇུག་གི་ཡོད།”ཅེས་ཟེར། 
            དེང་སྐབས་གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་ཅིང་། མི་རིགས་མང་པོའི་སློབ་མས་གནས་འདིར་མཛའ་མཐུན་འགྲོགས་འདྲིས་བྱེད་ཀྱི་ཡོད་ལ། མི་རིགས་མཐུན་སྒྲིལ་ནི་སློབ་མ་རེ་རེའི་སེམས་ཀྱི་ཟབ་སར་ཟུག་སྟེ་སློབ་མ་རེ་རེའི་སེམས་ཀྱི་ཞིང་ཐང་བརླན་གྱི་ཡོད། 2019ལོར། གནམ་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་ལ“བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་བཟང་ཚོགས་པ”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1