ཞིང་ལས་དང་གྲོང་གསེབ་པུའུ་ཡིས《རྒྱལ་ཡོངས་ཀྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2020ལོ་ནས་2025ལོ་བར)》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20


 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས《རྒྱལ་ཡོངས་ཀྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2020ལོ་ནས་2025ལོ་བར)》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)བཀྲམ་པ་རེད། འདི་ནི་རང་རྒྱལ་གྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་འཆར་འགོད་ཐོག་མ་བྱས་པ་ཞིག་རེད། 《འཆར་འགོད》ནང་། གྲོང་གསེབ་ཀྱི་ནུས་པའི་རིན་ཐང་སྔོག་འདོན་བྱེད་དགོས་ཚེ། གསར་གཏོད་ཀྱིས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རུབ་བསྡུས་འཁོར་འབྲེལ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། ཐོན་ཁུངས་ཀྱི་གཞི་རྒྱུ་གཅིག་སྡུད་བྱེད་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་ཡོད།
     《འཆར་འགོད》ནང་2025ལོར་སླེབས་སྐབས། གྲོང་གསེབ་ཀྱི་ཐོན་ལས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གྲོང་གསེབ་ཀྱི་ལས་ཞུགས་ཀྱི་གྲུབ་ཆ་དེ་བས་ལེགས་སུ་གཏོང་བ། ཞིང་པའི་འབབ་འཕར་ལམ་བུ་མུ་མཐུད་རྒྱ་ཆེར་གཏོང་བ། གྲོང་གསེབ་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་བསྟན་ཡོད།
     གྲོང་གསེབ་ཐོན་ལས་རྨང་གཞིར་བྱས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་བརྟེན་ནས《འཆར་འགོད》ནང་ལས་འགན་ཆེན་པོ་ཁག་དྲུག་ཁ་གསལ་བསྟན་པ་སྟེ། ཞིང་ལས་ཐོན་ཟོག་གི་ལས་སྣོན་ལས་རིགས་རིམ་སྤོར་བྱེད་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་སོས་དལ་ཡུལ་སྐོར་ལས་རིགས་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་གསར་པ་འཕེལ་རྒྱས་གཏོང་བ། ཞིང་ལས་ཐོན་ལས་ཅན་དང་གྲོང་གསེབ་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་དང་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1