ཟླ་1པོའི་ཚེས་10ཉིན་ནི་ཉེན་རྟོག་པའི་ཉིན་མོར་གཏན་འཁེལ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-23



     ཉེ་ཆར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་གནང་བ་བརྒྱུད། 2021ལོ་ནས་བཟུང་ལོ་རེའི་ཟླ་1ཚེས་10ཉིན་དེ“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”ལ་གཏན་འཁེལ་བྱ་རྒྱུ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དཔུང་ཁག་གཅིག་པུར་མི་དམངས་ཉེན་རྟོག་པ་ཁྲི་1.4ལྷག་ཙམ་གྱིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཡོད་ལ། ད་ལོའི་ལོ་སྟོད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་སྤྱི་བདེའི་མི་དམངས་ཉེན་རྟོག་པ་169གཞུང་དོན་དུ་རང་སྲོག་ཤོར་བ་རེད།
     “ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་”བཙུགས་པ་ཡིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཉེན་རྟོག་པའི་དཔུང་སྡེར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད་ལ། མི་དམངས་ཉེན་རྟོག་པའི་མཚན་སྙན་ལམ་ལུགས་དང་མཚོན་རྟགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མི་དམངས་ཉེན་རྟོག་པའི་དཔུང་ཁག་གསར་བརྗེ་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ཀྱི་སྣང་བ་དང་ཁོངས་གཏོགས་བསམ་པ་ཆེ་རུ་གཏོང་བ། ཉེན་རྟོག་པ་ཡོངས་ཀྱིས་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་ཡག་པོ་བསྒྲུབ་པར་སྐུལ་སློང་བྱ་ཆེད་དོན་སྙིང་གལ་ཆེན་ལྡན་ཡོད།
     མི་དམངས་ཉེན་རྟོག་པའི་དཔུང་ཁག་ནི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ལྡན་པའི་དཔུང་སྡེ་ཞིག་ཡིན་ལ། ཞི་བདེའི་དུས་རབས་སུ་རང་སྲོག་བློས་བཏང་བ་མང་ཤོས་དང་བྱས་རྗེས་བཞག་པ་མང་ཤོས་ཀྱི་དཔུང་ཁག་ཅིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་མི་དམངས་ཉེན་རྟོག་པས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། རང་སྲོག་བློས་གཏོང་བར་མི་འཛེམ་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་ཉིད་ཀྱི་རྔུལ་ཁྲག་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད་སྲུ་ཞུ་གང་ལེགས་བསྒྲུབས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དཔུང་ཁག་གཅིག་པུར་མི་དམངས་ཉེན་རྟོག་པ་ཁྲི་1.4ལྷག་ཙམ་གྱིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཡོད་པ་དང་། མི་དམངས་ཉེན་རྟོག་པ་ཁྲི་10ལྷག་ཙམ་ལ་རྨས་སྐྱོན་ཕོག་པ། མི་དམངས་ཉེན་རྟོག་པ་370ལྷག་ཙམ་སྔོན་གཤེགས་དཔའ་བོར་བདམས་པ་བཅས་བྱས་ཡོད། ད་ལོའི་ལོ་སྟོད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་སྤྱི་བདེའི་མི་དམངས་ཉེན་རྟོག་པ་169གཞུང་དོན་དུ་རང་སྲོག་ཤོར་བ་རེད། “ཀྲུང་གོའི་མི་དམངས་ཉེན་རྟོག་པའི་ཉིན་མོ་”ནི་རྒྱལ་ཁབ་རིམ་པའི་ངོས་ནས་མི་དམངས་ཉེན་རྟོག་པའི་དཔུང་ཁག་ལ་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན་པ་དང་། མི་དམངས་ཉེན་རྟོག་པའི་དཔུང་ཁག་གིས་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་དཔའ་ངར་ཆེན་པོས་འབད་འཐབ་བྱས་པར་གདེང་འཇོག་གང་ལེགས་བྱས་པ་ཞིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 1986ལོའི་ཟླ་1ཚེས་10ཉིན། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རང་རྒྱལ་གྱི་110ཉེན་བརྡའི་ཞབས་ཞུའི་སྟེགས་བུ་ཐོག་མར་བཙུགས་པ་དང་། 1996ལོར། སྤྱི་བདེ་པུའུ་ཡིས་ཧྥུའུ་ཅན་ཀྲང་ཀྲོའུ་རུ་རྒྱལ་ཡོངས་གྲོང་ཁྱེར་གྱི་110ཡི་ཉེན་བརྡའི་ཞབས་ཞུའི་སྟེགས་བུ་འཛུགས་པའི་ཡུལ་དངོས་ཚོགས་འདུ་འཚོགས་ནས། “ཀྲང་ཀྲོའུ་110” ཡི་ཉམས་མྱོང་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། ལོ་ངོ་སུམ་ཅུའི་རིང་གི་ལག་ལེན་དང་འཚོལ་ཞིབ་བརྒྱུད་དེ། 110ནི་མི་དམངས་ཉེན་རྟོག་པའི་དཔུང་སྡེའི་མཚོན་བྱེད་རང་བཞིན་གྱི་མཚོན་རྟགས་སུ་གྱུར་ཡོད་ལ། “མི་དམངས་ཀྱི་སྲུང་སྐྱོབ་པ་”ཞེས་ཀྱང་གྲགས་ཡོད། ཉེ་བའི་ལོ་ཤས་རིང་། ལོ་རེའི་ཟླ་1ཚེས་10ཉིན་སྤྱི་བདེ་པུའུ་དང་དེ་བཞིན་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཚང་མས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་110དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་གྱི་ཡོད། ཉིན་མོ་དེ“ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན”ལ་གཏན་འཁེལ་བྱས་པ་ཡིས། ཆབ་སྲིད་རང་བཞིན་དང་། རྒྱ་ཁྱབ་ཀྱི་མི་དམངས་རང་བཞིན། ཉེན་རྟོག་ལས་རིགས་ཀྱི་མཚོན་རྟགས་རང་བཞིན་བཅས་གསལ་པོ་མངོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1