གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

དཔལ་ལྡན་ཉི་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༣༡ཉིན།

༄༅།།སློབ་གསོའི་རྩ་བའི་ལས་འགན་ནི་མིའི་ལ་རྒྱ་མངོན་འགྱུར་བྱ་རྒྱུ་དེ་ཡིན།


དཔལ་ལྡན་ཉི་མ།
        [གནད་བཏུས] དེ་ཡང་སློབ་གསོ་དང་ལ་རྒྱ། རིག་གནས་བཅས་ལ་ནང་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་ཞིག་མཆིས་ཤིང་། སློབ་གསོ་ནི་མི་རྣམས་ཀྱིས་རྒྱུན་མི་ཆད་པར་རང་ཉིད་ཀྱིས་ཤེས་བྱ་ཐག་གཅོད་པ་དང་། བཀོལ་སྤྱོད་བྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་མཐོ་རུ་འདེགས་པའི་ཚེ་སྲོག་གི་གོ་རིམ་ཞིག་ཡིན་པ་དང་། ལ་རྒྱ་ནི་མི་གཞན་གྱིས་བཙན་འཕྲོག་བྱེད་ས་མི་འགྲོ་བའི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་ཡིན་ནོ། ། ལ་རྒྱ་ནི་མིའི་ཚེ་སྲོག་གི་གོ་རིམ་ཡོངས་ལ་ཁྱབ་ཡོད་ཅིང་། ལ་རྒྱ་ནི་མི་རྣམས་ཀྱིས་ཚེ་སྲོག་ལ་གོ་བ་ཟབ་མོ་བླངས་པ་ལས་བྱུང་བ་ཡིན་ལ། བརྩེ་དུངས་དང་རྣམ་འགྱུར། རིན་ཐང་། བྱ་སྤྱོད། གོམས་ལུགས་བཅས་ཕྱོགས་བསྡུས་ཀྱི་མཚོན་སྟངས་ཤིག་ཀྱང་ཡིན། མིའི་ཁེ་དབང་ནི་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་ཡིན་སྟབས། སློབ་གསོ་ཡིས་རིག་གནས་གཞིར་འཛིན་དགོས་ལ། མི་སྒེར་གྱི་ལུས་སེམས་ཀྱི་ཡུལ་དུས་དགོས་མཁོ་ལ་བསྟུན་བཞིན་རིག་གནས་ལ་ཞིབ་གཟིགས་གནང་སྟེ། མིའི་ལ་རྒྱ་སྐྲུན་འཛུགས་བྱེད་དགོས་པ་ཡིན། དེའི་ཕྱིར། མིའི་ལ་རྒྱ་མངོན་འགྱུར་བྱ་རྒྱུ་ནི་སློབ་གསོའི་རྩ་བའི་ལས་འགན་ཡིན་ནོ། །

        [གནད་ཚིག] སློབ་གསོ། ལ་རྒྱ། རིག་གནས། སློབ་གསོའི་གཞུང་ལུགས།

        དེ་ཡང་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་ནི་སློབ་གསོ་གནས་པའི་གོ་བ་ལེན་སྟོབས་ལས་བྱུང་བ་ཡིན་ཏེ། ཆུ་ཚད་མི་འདྲ་བའི་སློབ་གྲྭ་ནི་ངོ་བོའི་སྟེང་ནས་སློབ་གྲྭ་དེ་སྒྲུབ་མཁན་གྱིས་སློབ་གསོར་གོ་བ་ཇི་ལྟར་ལེན་ཚད་ཀྱིས་ཐག་གཅོད་པ་ཡིན། ད་སྔ་རང་རྒྱལ་གྱི་སློབ་གྲྭའི་སློབ་གསོ་ཕལ་ཆེ་བ་ཞིག་གིས་སློབ་གསོ་ནི་རྒན་རབས་པས་མི་རབས་རྗེས་མ་གསོ་སྐྱོང་གནང་བའི་བྱེད་སྒོ་ཞིག་ཡིན་པར་གོ་བ་ལེན་བཞིན་ཡོད་ཅིང་། སློབ་གྲྭ་མང་པོ་ཞིག་གི་འཕེལ་རྒྱས་ནི་གསོ་སྐྱོང་མཁན་དང་གསོ་སྐྱོང་བྱ་ཡུལ་བར་གྱི་འབྲེལ་བར་ཚུད་ཡོད་པ་དང་། མི་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་གསོའི་གནས་ཚུལ་ནི་ལྷག་ཏུ་དེ་ལྟར་ཡིན་པ་རེད། ཚུལ་འདིས་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཆུ་ཚད་ལ་རྟ་རྒོད་སྲབ་ཀྱིས་གཅུན་པ་བཞིན་ཚོད་འཛིན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“སློབ་གསོ་དར་ན་རྒྱལ་ཁབ་དར། སློབ་གསོ་སྟོབས་ལྡན་ཡོང་ན་རྒྱལ་ཁབ་སྟོབས་ཆེན་འགྱུར།”①ཞེས་གསུངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དེ་རིང་གི་ཉིན་མོ་འདིར། ནན་ཏན་གྱིས་སློབ་གསོ་དང་མིའི་རྩ་བའི་འབྲེལ་བ་ཕྲ་ཞིང་ཞིབ་པ་གསལ་བོ་ཞིག་ངེས་ན། སློབ་གྲྭའི་སློབ་གསོ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་ཐུབ། རྩོམ་ཡིག་འདིས“ལ་རྒྱ”ཞེས་པ་དེ། སློབ་གསོ་དང་རིག་གནས། སྤྱི་ཚོགས་བཅས་ཀྱི་འབྲེལ་བར་བགྲོ་གླེང་བྱེད་པའི་གནད་འགག་གི་དོན་སྤྱི་ཞིག་ཏུ་བཟུང་ནས། མི་གཞིའི་ཕྱོགས་ནས་འཕྲོས་ཏེ་སློབ་གསོའི་རྩ་བའི་ལས་འགན་ལ་བསམ་གཞིག་བཏང་ཡོད།

དང་པོ། སློབ་གསོའི་གཞི་རྩའི་གོ་དོན།
        རྒྱལ་ཁབ་གང་ཞིག་ཡིན་རུང་སློབ་གྲྭའི་སློབ་གསོའི་བཀོད་སྒྲིག་ཡོད་ཚད་ནི་སློབ་གསོའི་རྩ་བའི་གོ་དོན་ལ་ཇི་ལྟར་གོ་བ་ལེན་ཚུལ་ལས་བྱུང་བ་ཡིན། དུས་སྐབས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བ། མི་རིགས་མི་འདྲ་བ་གང་ཞིག་ཡིན་ན་ཡང་སློབ་གསོ་ལ་གོ་བ་ལེན་སྟངས་དང་མཇུག་འབྲས་མི་མཚུངས་པ་ཡིན་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་སློབ་གྲྭའི་སློབ་གསོའི་བཀོད་སྒྲིག་དང་། སློབ་གསོའི་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་སྟངས་ལའང་རང་རང་གི་ཁྱད་ཆོས་རེ་ཡོད་པ་སྟེ། སློབ་གྲྭ་གཉེར་སྟངས་ཀྱི་མ་དཔེ་དང་སློབ་གསོའི་སློབ་ཁྲིད་ཀྱི་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པ་ཞིག་མངོན་འདུག་པ་རེད།
        མ་ཧཱ་ཙི་ནའི་ཀྲུང་ཡོན་རིག་གནས་ལ་ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ་སློབ་གསོ་ལ་གོ་བ་ལེན་སྟངས་ནི《དབུས་གཞུང》ལས།“གནམ་གྱིས་གནང་བ་ནི་གཤིས་ཡིན་ལ། གཤིས་སྲུང་བ་ལ་ལུགས་དང་། ལུགས་ལྟར་རང་ཉིད་སྦྱོང་བ་ནི་སློབ་གསོའོ། །”②ཞེས་གསུངས། གོ་བ་ལེན་སྟངས་འདི་ནི་ད་ལྟ་ཡང་དོན་སྙིང་གཏིང་ཟབ་མོ་ཡོད་དེ། མིའི་ཚེ་སྲོག་ནི་གང་ནས་བྱུང་ཞེ་ན་རང་བྱུང་ཁམས་ཆེན་མོས་བསྩལ་པ་ཡིན་ཞིང་། དེའི་གཤིས་ནི་མི་གཤིས་ཡིན། མི་གཤིས་དེ་ཁྲིད་པ་ལུགས་ཡིན། མི་གཤིས་ཁྲིད་པའི་ལུགས་དེ་ཇི་ལྟར་ལེགས་པར་བསྒྲུབ་རྒྱུ་དེ་ནི་སློབ་གསོ་ཡིན། འདི་ལས་གནའ་མི་ཚོས་སློབ་གསོ་ལ་ངོས་འཛིན་ཟབ་མོ་ཡོད་པ་དེ་མཐོང་ཐུབ།
        ནུབ་ཕྱོགས་ཀྱི་སློབ་གསོའི་ལོ་རྒྱུས་སྟེང་ནས་ཐོག་དང་པོར་ཆ་ཚང་བའི་སློབ་གསོའི་གཞུང་ལུགས་འཛུགས་མཁན་གྱི་བསམ་བློ་པ་པོ་ལ་ཐུའུ(Plato,Πλóτeων,སྤྱི་ལོའི་སྔོན་གྱི་ལོ427—སྤྱི་ལོའི་སྔོན་གྱི་ལོ347བར)ལགས་ཀྱིས། སློབ་གསོའི་གནས་ཐིག་ནི་མིའི་བླ་སྲོག་དགེ་བའི་ཕྱོགས་སུ་འགྱུར་བར་གཏན་འཁེལ་བྱས་ཡོད།③ཧྥ་རན་སེའི་ལུའུ་སའོ(Jean-JacquesRousseau,སྤྱི་ལོ1712—སྤྱི་ལོ1778བར)ལགས་ཀྱིས། དོན་དམ་གྱི་སློབ་གསོ་ནི་མིའི“ནང་གི་རང་བྱུང”ལ་འགྱུར་བའི་སློབ་གསོ་དེ་ཡིན་པར་འདོད།④སུའེ་ཙེར་གྱི་ཕའེ་སི་ཐེ་ལོ་ཆི(Johan Heinrich Pestalozzi,སྤྱི་ལོ1746—སྤྱི་ལོ1827བར)ལགས་ཀྱིས་ཀྱང་། སློབ་གསོ་ནི་མིའི་འཐུས་ཚང་གི་འཕེལ་རྒྱས་ཤིག་ཏུ་མཐོང་བ་ཡིན་ཏེ། སློབ་གསོའི་ཆེས་མཐར་ཐུག་གི་གནས་ཐིག་ནི“མི་བུའི་སྐྱེས་ཐོབ་ཀྱི་ནང་གནས་སྟོབས་ཤུགས་འཕེལ་རྒྱས་སུ་གཏོང་བར”གཏན་འཁེལ་བྱས་ཡོད།⑤ཡིན་ན་ཡང་འཇར་མན་པ་ཧྥུའུ་ལུའུ་པེ་ཨེར(Friedrich Wilhelm August Frobel,སྤྱི་ལོ1782—སྤྱི་ལོ1852བར)ལགས་ཀྱིས། སློབ་གསོ་ནི“སྐུལ་སློང་དང་སློབ་སྟོན་བྱེད་པ་ནི་རང་ཉིད་སད་རྟོགས་ཁྲོད་ཀྱི་བསམ་བློ་དང་དཔྱོད་ཤེས་ཡོད་པའི་གང་ཟག་དེས། བསམ་བཞིན་དུ་རང་འགུལ་གྱིས་འཐུས་ཚང་དུ་མཚོན་པར་བྱེད་པའི་ནང་གནས་ཀྱི་ཆོས་ཉིད་ཅིག་ལ་བརྩི་བ་ཡིན”པར་གོ་བ་བླངས་ཡོད།⑥ཆོས་ཉིད་འདིི་རིགས་ནི་མི་གཤིས་ཀྱི་གོ་རྟོགས་ཤིག་ཀྱང་ཡིན། དེའི་ཕྱིར། སློབ་གསོའི་དམིགས་ཡུལ་ནི་རང་འགན་རྩོད་མེད་ལ་བློ་དཀར་བ་དང་ལྷད་མེད་པ། འཐུས་སྒོ་ཚང་བ་ཞིག་མཚོན་པར་བྱེད་རྒྱུ་དེ་རེད། དེའི་དབང་གིས་སློབ་གསོ་ནི་བླ་ན་མེད་པའི་འཚོ་བ་ཞིག་ཀྱང་ཡིན། ཨ་རི་པ་ཡའོ་ཧན•ཏུའུ་ཝེ(John Dewey,སྤྱི་ལོ1859—སྤྱི་ལོ1952བར)ལགས་ཀྱིས། སློབ་གསོ་ནི་བྱིས་པའི་འཚོ་བ་ཞིག་ཏུ་བལྟ་སྟེ། འཚོ་བ་ནི་འཚར་སྐྱེ་དང་། འཚར་སྐྱེ་ནི་ཉམས་མྱོང་གི་བསྒྱུར་བཀོད་ཡིན་པ་དང་། སློབ་གྲྭ་ནི་སྤྱི་ཚོགས་ཡིན་པར་འདོད་པ་རེད།⑦སློབ་གྲྭ་ནི་ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་པའི་དངོས་ཡོད་སྤྱི་ཚོགས་ལས་ལྷག་པའི་ཕུགས་བསམ་གྱི་སྤྱི་ཚོགས་ཡིན་པས། སློབ་མས་དེའི་ཁྲོད་ན་སྤྱི་ཚོགས་ཀྱི་སྤྱི་དམངས་ཤིག་གི་འཁྲབ་བྱའི་མི་སྣའི་ཚུལ་དུ། སྤྱི་ཚོགས(སློབ་གྲྭ)འཛུགས་སྐྲུན་དང་དེར་སྲུང་སྐྱོང་བྱེད་བཞིན་ཡོད། སློབ་མ་རྣམས་སློབ་གྲྭ་ནས་མཐར་ཕྱིན་པའི་རྗེས་སུ། སློབ་གྲྭའི་ནང་དུ་གཤིས་སུ་ཆགས་པའི་སྤྱི་དམངས་ཀྱི་འདུ་ཤེས་དང་ཤེས་བྱ་ལ་བརྟེན་ནས་དངོས་ཡོད་ཀྱི་སྤྱི་ཚོགས་ལ་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པ་ཡིན།
        ཀྲུང་གོ་ཡིན་ནའང་འདྲ། ཡོ་རོབ་དང་ཨ་མེ་རི་ཁའི་རྒྱལ་ཁབ་གང་ཡིན་ནའང་། རྩེ་གྲས་ཀྱི་སློབ་གསོ་རིག་པ་བ་ཚང་མས་སློབ་གསོའི་སྲོག་སྙིང་སྟེ་མི་ལ་ཐད་ཀར་ཕྲད་ཡོད་ངེས། མི་ལ་ཇི་ལྟར་གོ་བ་ལེན་པ་དེ་ནི་སློབ་གསོའི་ངོ་བོ་ལ་གོ་བ་ལེན་པའི་དགོས་ངེས་ཀྱི་ཐབས་ལམ་ཡིན། མི་ནི་ཅི་ཞིག་ཡིན་པ་དང་། མིའི་གོ་དོན་ནི་ཅི་ཞིག་ཡིན་པའི་གནད་དོན་འདི་གཉིས་ཀྱི་དྲིས་ལན་དེ་མཚན་ཉིད་རིག་པའི་རྩ་བའི་གནད་དོན་གཉིས་ལ་ཐུག་ཡོད། གཅིག་ནི་མི་དང་དུས་ཚོད། བར་སྟོང་། རང་བྱུང་བཅས་བར་གྱི་འབྲེལ་བ་དང་། གཉིས་ནི་མི་ནི་མི་གཞན་ཞིག་ཡིན་པའི་ནང་གནས་ཀྱི་གཏན་འབེབས་རང་བཞིན་དེའོ། །འདི་ནི་མཚན་ཉིད་རིག་པའི་མཐར་ཐུག་གི་གནད་དོན་ཡིན་ལ། སློབ་གསོའི་མཐར་ཐུག་གི་གནད་དོན་ཡང་ཡིན་པ་རེད། གནའ་དེང་རྒྱལ་ཁབ་ཕྱི་ནང་གི་བསམ་བློ་པ་དང་མཚན་ཉིད་སྨྲ་པ་ཚང་མས་ཧུར་བརྩོན་གྱིས་གནད་དོན་དེ་ལ་ལན་འདེབས་ཀྱིན་ཡོད། མིའི་ལུས་ཁམས་ཀྱི་སྟེང་ནས་དྲིས་ལན་འཚོལ་མཁན་དང་། མིའི་ངོ་མཚར་བའི་ཀླད་ཆེན་སྟེང་ནས་དྲིས་ལན་འཚོལ་བ་ཡོད་ལ། མི་དང་རང་བྱུང་གི་འབྲེལ་བའི་སྟེང་ནས་དྲིས་ལན་འཚོལ་མཁན་ཡང་ཡོད་པ་རེད། ལྷག་པར་དུ་མིའི་རྣམ་ཤེས་དང་ཚེ་སྲོག་གི་འབྲེལ་བའི་སྟེང་ནས་དྲིས་ལན་འཚོལ་མཁན་ཡང་མཆིས། སྣ་མང་གི་དྲིས་ལན་དེས་མིའི་རིགས་ཀྱི་སློབ་གསོའི་བསམ་བློ་ཕུན་སུམ་ཚོགས་པ་དང་དངོས་ཡོད་སློབ་གསོའི་བྱ་སྤྱོད་སྣ་མང་གྲུབ་པ་རེད།
        ཡིན་ནའང་། སློབ་གསོའི་ཟུར་ངོས་ནས་མིའི་གནད་དོན་ལ་བསམ་བློ་བཏང་ན། མི་གཤིས་དེ་དངོས་རིགས་གཞན་དང་ཁྱད་པར་ཇི་ལྟར་འབྱེད་པའི་དོགས་གཞི་འདི་ལ་བསམ་བློ་མི་གཏོང་བའི་ཐབས་མེད། མི་དང་རིགས་དངོས་གཞན་པའི་ཆེས་གལ་ཆེན་གྱི་ཁྱད་པར་ནི། མི་རྣམས་ལ་སྲོག་ཆགས་གཞན་པ་དང་མི་མཚུངས་པའི“ལ་རྒྱ”ཞིག་ཡོད་པ་དེ་རེད། དེ་ནི་མི་ཞེས་པར་ཆེས་ངོ་བོའི་མི་གཤིས་ཡོད་པའི་གཅིག་བསྡུས་ཀྱི་མཚོན་རྟགས་རེད། དེའི་རྐྱེན་གྱིས། མིའི་ཟུར་ངོས་ནས(མཚན་ཉིད་རིག་པ་རྐྱང་རྐྱང་གི་ཟུར་ཁོ་ན་ཙམ་མ་ཡིན)སློབ་གསོ་ལ་གོ་བ་ལེན་ན། མིའི་ལ་རྒྱའི་སྟེང་ནས་སློབ་གསོའི་རྩ་བའི་དོན་སྙིང་ལ་བསམ་གཞིག་གཏོང་འོས་པ་ཡིན།

གཉིས་པ། ལ་རྒྱའི་རྩ་བའི་གོ་དོན།
        འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག་ནས་བལྟས་ན། ལ་རྒྱ་ནི་མིའི་རིགས་ཀྱིས་རང་ཉིད་གནས་པ་ངོས་ཟིན་པའི་རྨང་གཞི་ཡིན། གལ་ཏེ“མི་ནི་ཅི་ཞིག་ཡིན་པ”ཞེས་པའི་གནད་དོན་འདི་ལ་བསམ་བློ་མ་བཏང་ན། ང་ཚོས་དཔྱོད་ཤེས་རྗེས་དཔག་དང་འཐུས་སྒོ་ཚང་བའི་ངང་མིའི་ལ་རྒྱར་བསམ་བློ་གཏོང་མི་ནུས། གནའ་བོའི་ཀེ་རི་སིའི་མཁས་པའི་གྲུབ་མཐའ་འཛིན་པའི་འཐུས་ཚབ་པ་གྲགས་ཅན་ཕུ་ལོ་ཐེ་ཀི་ལ(Protagoras,ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ490དང་།ཡང་ན་སྤྱི་ལོའི་སྔོན་གྱི་ལོ480—སྤྱི་ལོའི་སྔོན་གྱི་ལོ420དང་། ཡང་ན་སྤྱི་ལོའི་སྔོན་གྱི་ལོ410བར)ལགས་ཀྱིས། སྐད་གྲགས་ཆེ་བའི་བརྗོད་གཞི་ཞིག་བཏོན་པ་སྟེ།“མི་ནི་བྱ་དངོས་མཐའ་དག་གི་འཇལ་བྱེད་ཡིན་ལ། གནས་པ་པོ་གནས་པའི་འཇལ་བྱེད་ཡིན་པ་མ་ཟད། མི་གནས་པ་དེ་མི་གནས་པའི་འཇལ་བྱེད་ཀྱང་ཡིན” ཟེར།⑧(p.54)ཁོས་ད་རུང་འདི་ལྟར་བཤད་མྱོང་སྟེ།“ལྷ་ལ་ཆ་བཞག་ན། ངས་ཁོ་ཚོ་ཡོད་ཅེས་བཤད་མི་ཕོད་ལ། ཁོ་ཚོ་མེད་ཅེས་ཀྱང་བཤད་མི་ཐུབ”ཅེས་གསུངས།⑧(p.55)ཁོའི་བཞེད་དགོངས་ནི་གནས་ཡོད་པའི་མི་མ་གཏོགས། གནས་ཡོད་མེད་ཐག་གིས་མི་ཆོད་པའི་ལྷ་ནི་བྱ་དངོས་འཇལ་བྱེད་དུ་འཛིན་པ་མིན། འོ་ན་མི་ནི་ཇི་ལྟར་འཇལ་བྱེད་དུ་གྱུར་པ་ཡིན་ཞེ་ན། འདི་ནི་མིའི་ལ་རྒྱ་དང་དེ་མིན་མི་དང་རང་བྱུང་གི་གནས་ཀྱི་འབྲེལ་བ་ལས་བྱུང་བ་ཡིན། རིག་རྩལ་བསྐྱར་དར་སྐབས་ཀྱི་དབྱི་ཐ་ལིའི་བསམ་བློ་པ་གྲགས་ཅན་སྨི་ལན་ཏོ་ལ(Pico Mirandola,སྤྱི་ལོ1463—སྤྱི་ལོ1494བར)ལགས་ཀྱིས། མི་ནི“ཆེས་དམའ་རིམ་གྱི་གཅན་གཟན་གྱི་གནས་སུ་ལྷུང་ཐུབ་ལ། ཁྱོད་ཀྱི་རྣམ་ཤེས་ཀྱིས་ཐག་བཅད་པ་ལྟར། རིམ་པ་དེ་ལས་ཀྱང་མཐོ་བའི་བླ་མེད་མཆོག་གྱུར་གྱི་གནས་སུ་ཡང་ཤི་ལོག་ཐུབ་པ་རེད།”⑨ཅེས་གསུངས། དེའི་འགག་རྩ་ནི་མིའི་རང་དབང་གི་འདུ་ཤེས་སམ་མིའི་ལ་རྒྱ་ཞིག་ལ་ཐུག་ཡོད་པས་རེད།འཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བ་ཁཱང་ཏི་(Immanuel Kant,སྤྱི་ལོ1724—སྤྱི་ལོ1804བར)ལགས་ཀྱིས། ལ་རྒྱའི་གོ་དོན་སྐོར་ལ་བགྲོ་གླེང་བྱེད་སྐབས་སུ།“དངོས་པོ་ག་གེ་མོ་ཞིག་དེའི་འོག་ཁོ་ན་རུ་ད་གཟོད་དམིགས་ཡུལ་ཡིན་པའི་རང་ཉིད་ཀྱི་ཆ་རྐྱེན་དུ་གྲུབ་པའི་དངོས་པོ་དེར… …ནང་གནས་ཀྱི་རིན་ཐང་ཞིག་ལྡན་ཞིང་། དེ་ནི་ལ་རྒྱ་ཡང་ཡིན། ཀུན་སྤྱོད་ཀྱི་རང་བཞིན་ནི་རྗེས་དཔག་གི་གནས་པ་ཞིག་དེའི་འོག་ཁོ་ན་རུ་ད་གཟོད་དམིགས་ཡུལ་ཡིན་པའི་རང་ཉིད་ཀྱི་ཆ་རྐྱེན་དུ་གྲུབ་པ་དེ་ཡིན་ནོ། ། རྒྱུ་མཚན་ནི་དེ་ཁོ་ནའི་དབང་གིས། ད་གཟོད་དམིགས་ཡུལ་རྒྱལ་པོའི་རྒྱལ་ཁབ་ཏུ་ཁྲིམས་འཛུགས་ཀྱི་ཁོངས་མི་ཞིག་ཡིན་པས་རེད། དེར་བརྟེན། ཀུན་སྤྱོད་དང་ཀུན་སྤྱོད་ཡོད་ཐུབ་པའི་མི་ནི་ལ་རྒྱ་ལྡན་མཁན་གཅིག་པུ་ཡིན།”⑩ཞེས་གསུངས། ཁཱང་ཏི་ལགས་ཀྱིས་མིའི་ལ་རྒྱ་དེ་སྤྱིར་བཏང་གི་རིན་ཐང་ལས་བརྒལ་ཏེ་ལྷག་ཏུ་མཐོ་བའི་རིན་ཐང་ཞིག་ཏུ་བརྩིས་ཏེ། མིའི་ལ་རྒྱ་དེ་ཀུན་སྤྱོད་ཀྱི་ཁྱབ་ཁོངས་སུ་ཆེས་མཐོ་བའི་རྣམ་པ་རུ་བསྟན་ཡོད། ལྟ་ཚུལ་དེའི་བློ་འབྱེད་ལ་བརྟེན་ནས། མིའི་ལ་རྒྱ་ནི་བརྡར་ཤ་གཅོད་ཆོག་པའི་རིན་ཐང་ཡོད་དོ་ཅོག་གི་འབྱུང་གཞི(དེ་ནི“དེའི་འོག་ཏུ་ད་གཟོད་དམིགས་ཡུལ་ཡིན་པའི་རང་ཉིད་ཀྱི་ཆ་རྐྱེན་དུ་གྲུབ་པ་དེ་ཡིན”)རུ་ངོས་འཛིན་གཏན་འཁེལ་བྱས་ཆོག ལྗར་པན་གྱི་མཁས་པ་ཡན་ཆི་ཡུང་ཡོན(いわさきちかつぐ,སྤྱི་ལོ1921—སྤྱི་ལོ2009བར)ལགས་ཀྱིས། མི་དང་དེའི་འཚོ་གནས་ཀྱི་ལ་རྒྱ་ནི་དེང་རབས་མི་ཆོས་ཀྱི་མཐར་ཐུག་གི་རྨང་གཞི་ཡིན་པར་འདོད་དེ།“མི་དང་དེའི་འཚོ་གནས་ཀྱི་ལ་རྒྱ་ནི་ཆེས་མཐོ་བའི་དགེ་བ་ཡིན་ལ། དངོས་པོ་གཞན་གྱིས་ཐག་གིས་གཅོད་མི་ཐུབ་པའི་རྨང་གཞིའི་རྨང་གཞི་ལྟ་བུ་ཡིན”(P.22)པ་དང་།“མིའི་རིན་ཐང་སྣ་ཚོགས་པའི་གཞིར་འཛིན་ས་དང་ཚད་གཞི་དམ་པ”(P.27)ཡང་དེ་ཡིན་ཞེས་བཏོན་པ་རེད། ཐལ་དྲགས་པའི་རང་དོན་རིང་ལུགས་ནི་འགྲིག་མེད་པ་དང་། དེ་དང་འདྲ་བར། མི་བུ་སྒེར་ཡལ་བར་དོར་བའི་ཐུན་མོང་རིང་ལུགས་ཀྱང་ཀུན་སྤྱོད་ཀྱི་ཆད་སྐྱོན་རེད། འཇིག་རྟེན་མི་ཆོས་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཡོད་ཚད་ལ་ཐུན་མོང་དུ་མངའ་བའི་རིན་ཐང་རྒྱུ་འབྲས་དང་འགན་འཁྲི། འོས་འགན། དགེ་བ་བཅས་བྱེ་བྲག་གི་མི་བུའི་རིན་ཐང་ལ་འདུས་ནས་ཡོད་པའི་དྲང་བདེན་དང་བྱམས་བརྩེ། ཡིད་རྟོན་སོགས་བརྒྱུད་ནས་མངོན་པའི་སྤྱི་ཚོགས་ཧྲིལ་བོས་མིའི་ལ་རྒྱ་ལ་གོ་བ་ལེན་པ་ཞིག་ཡིན།1948ལོའི《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》ཞེས་པའི་གླེང་གཞི་ལས་བསྟན་དོན།“མིའི་རིགས་ཀྱི་ཁོངས་མི་རེ་རེའི་ནང་གནས་ཀྱི་ལ་རྒྱ་དང་འདྲ་མཉམ། བཙན་འཕྲོག་མི་རུང་བའི་ཁེ་དབང་བཅས་ཁས་ལེན་པ་ནི། འཛམ་གླིང་རང་དབང་དང་དྲང་བདེན་དང་ཞི་བདེ་ཡོང་བའི་རྨང་གཞི་ཡིན།”འཇར་མན་གྱི་རྩ་ཁྲིམས་ལས་ཀྱང་ཚིག་ཉུང་དོན་གསལ་གྱིས“མིའི་ལ་རྒྱ་ནི་བཙན་གནོན་བྱས་མི་ཆོག་པ་ཞིག་ཡིན་པ”གཏན་འབེབས་བྱས་ཡོད། འདི་ནི་རྒྱལ་སྤྱིའི་སྤྱི་ཆིངས་ཁྲོད་དུ་མིའི་སྤྱི་དམངས་ཁེ་དབང་དང་ཆབ་སྲིད་ཁེ་དབང་མཐའ་གཅིག་ཏུ་ཁས་ལེན་བྱེད་པའི་རྨང་གཞི་ཡིན་པ་དང་། ལ་རྒྱ་དེ་ཉིད་ཁེ་དབང་བཀོལ་སྤྱོད་བྱེད་པའི་སྒྲུབ་བྱེད་ཀྱི་ཁུངས་ལུང་དང་གཞི་འཛིན་སར་ཡང་གྱུར་ཡོད་པ་རེད། ཡིན་ནའང་། མི་རེ་རེའི་ལ་རྒྱ་ནི་ལུས་པོའི་རང་སྟོབས་ཀྱིས་ཧོལ་རྒྱུག་དང་། དེས་སྐུལ་བའི་ད་ལྟའི་གཟུགས་ཕུང་ཁོ་ནར་སྐྱིད་སྣང་ཙམ་བསྐྱེད་པའི་སྟོབས་ཤུགས་དེ་མ་ཡིན་ལ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་ངོ་སོ་འཛིན་པ་དེ་ཡང་མ་ཡིན་ནོ། ། མི་རེ་རེ་ཚང་མ་རིགས་རྒྱུད་ཚོགས་པའི་ཁྲོད་དུ་འཚོ་གཞེས་བྱས་ཡོད་ཅིང་། རིགས་རྒྱུད་ཚོགས་པའི་སྤྱི་ཚོགས་གྲུབ་པའི་བྱེད་སྟངས་ནི། ཚོགས་སྤྱིའི་ཚེ་སྲོག་དང་དེའི་རང་བྱུང་ཁོར་ཡུག་ཡུན་རིང་དུ་ཕན་ཚུན་ལ་བྱེད་ནུས་འདོན་རེས་བྱས་པ་ལས་གྲུབ་པའི་འཚོ་གནས་ཀྱི་ཉམས་མྱོང་དེ་ལས་བྱུང་བ་ཡིན། དེའི་ཁྲོད་དུ་དངོས་པོའི་འཚོ་གནས་ཀྱི་ཉམས་མྱོང་ཡོད་ལ། བསམ་པའི་འཚོལ་སྙེག་གི་ཉམས་མྱོང་དེ་བས་ཀྱང་ཡོད། ཉམས་མྱོང་འདི་དག་གིས་གཞི་ནས་ཚོགས་པའི་ཁོངས་མི་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་པར་འདེགས་སྐྱོར་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ནས་སྣ་མང་ཕུན་སུམ་ཚོགས་པའི་མིའི་རིགས་ཀྱི་རིག་གནས་གྲུབ་པ་རེད།
        “རིག་གནས”ཞེས་པའི་ཐ་སྙད་འདིའི་དབྱེ་མཚམས་ཤིན་ཏུ་འབྱེད་དཀའ་སྟེ། རིག་གནས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་མི་རྣམས་འཚོ་ཞིང་གནས་པའི་འབྲས་བུ་ཡིན་པས། དེར་ལག་ཆའི་རང་བཞིན་གྱི་རང་བྱུང་ཚན་རིག་གི་ཤེས་བྱ་འདུས་པར་མ་ཟད། མི་རྣམས་ལ་དེའི་དམིགས་བཙུགས་ཀྱི་རང་བྱུང་གི་ཆ་རྐྱེན་ཁྲོད་ནས་བྱུང་བའི་བརྩེ་དུངས་དང་རེ་བ་ནི་དེ་བས་ཀྱང་འདུས་ཡོད་པ་རེད། རིག་གནས་ནི་འདི་ལྟར་ངོས་འཛིན་བྱས་ཀྱང་ཆོག་སྟེ། མིའི་རིགས་ཀྱིས་བརྒྱུད་མྱོང་བའི་དོན་རྐྱེན་གྱི་མཇུག་འབྲས་ཡོངས་རྫོགས་ཡིན་པ་དང་། དེར་མི་དང་རང་བྱུང་གི་སྤེལ་རེས་ཚུད་ཡོད་ལ། ས་ཁོངས་མི་འདྲ་བའི་མི་ཚོགས་ཀྱི་ཉམས་མྱོང་གི་སྤེལ་རེས་དང་མཉམ་འདྲེས་བྱུང་བའང་འདུས་ཡོད། ད་དུང་མི་རྣམས་ཀྱིས་རང་ཉིད་ལ་ལྡོག་གཞིག་བསམ་ཞིབ་བྱས་པའི་གྲུབ་འབྲས་ཀྱང་འདུས་པ་རེད། ཏག་ཏག་རིག་གནས་ཁྲོད་དུ་གནས་པ་དེ་ཧ་ཅང་གལ་ཆེན་ཡིན་མོད། འོན་ཀྱང་རྒྱུན་དུ་སྣང་མེད་ལ་བཞག་པའི་ཚེ་སྲོག་གི་བརྩེ་དུངས་དང་རེ་བ་དེས། མི་རྣམས་ལ་སྐྱེ་བ་ནས་སྐྱེ་བའི་བར་ཉམས་པ་མེད་པའི་སྒུལ་ཤུགས་བསྩལ་ཅིང་། བྱེ་བྲག་གི་མི་སྒེར་སོ་སོ་གོང་བུ་གཅིག་ཏུ་བསྒྲིལ་ནས་རིགས་མི་མཚུངས་པའི་སྤྱི་ཚོགས་ཤིག་གྲུབ་པ་རེད། ཐུན་མོང་གི་ཚེ་སྲོག་བརྩེ་དུངས་ཀྱིས་བྱེ་བྲག་གི་མི་བུ་རེ་རེ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱེད་དུ་བཅུག་ནས། རང་ཉིད་ཀྱི་ཚོགས་པའི་ཁྲོད་ཀྱི་ཐོབ་ཐང་ཤེས་པར་བྱས་ལ། གཞན་པའི་མི་བུ་སྒེར་ལ་འོས་ཤིང་རན་པའི་གནས་ཡུལ་ཡང་བསྩལ། འདི་ན་བཤད་པའི་ཐོབ་ཐང་ནི་བྱེ་བྲག་གི་མི་བུ་སྒེར་གྱིས་རང་ཉིད་ལ་ཚོགས་སྤྱིའི་ཁྲོད་ཀྱི་གོ་བ་ལེན་སྟངས་ཤིག་ཡིན་ཞིང་། གནས་ཡུལ་ནི་གོ་བ་ལེན་སྟངས་འདིའི་རྨང་གཞིའི་ཐོག་ནས་རང་ཉིད་དང་མི་གཞན་པའི་སྤྱི་ཚོགས་ཐོབ་ཐང་ལ་ངོས་འཛིན་ཚུལ་ཞིག་ཡིན། མི་བུ་སྒེར་གྱིས་སྤྱི་ཚོགས་ཁྲོད་ནས་ངོས་འཛིན་བྱེད་པའི་བརྒྱུད་རིམ་དེ་ནི། རང་ཉིད་ཀྱི་གནས་བབ་གཏན་འཁེལ་དང་ལྡོག་གཞིག་བསམ་ཞིབ་དང་རང་ཉིད་གདེང་འཇོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཡང་གཅིག་བཤད་ན། འདི་ནི་མི་རེ་རེས་རང་ཉིད་ཀྱི་ལ་རྒྱ་འཛུགས་སྤེལ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་ནོ། ། ལ་རྒྱ་འཛུགས་པའི་བརྒྱུད་རིམ་གྱི་བྱེད་ནུས་དེས་རང་ཉིད་ལ་རྒྱུན་ཆད་མེད་པར་རང་ངོས་ཀྱི་དགོས་མཁོ་ལེགས་སྒྲིག་བྱེད་པར་མ་ཟད། ལྷག་པར་དུ་མི་ནི་ “སྤྱི་ཚོགས་ཚད་ལྡན་གྱི་རང་སྟོབས་ནུས་པའི”ཡོང་ཁུངས་ཡིན་པ་རེད།དེ་ནི་སེམས་ཁམས་རིག་པ་ལས་གླེང་བཞིན་པའི་གདོད་མའི་ཤེས་རྟོགས་ཀྱི་གོ་དོན་དང་ཕལ་ཆེར་འདྲ་མཚུངས་རེད། གདོད་མའི་ཤེས་རྟོགས་ནི་རང་ཉིད་ཀྱི་ངོས་འཛིན་བརྒྱུད་རིམ་ལ་ངོས་འཛིན་ཤེས་རྟོགས་བྱེད་པ་ཙམ་ཡིན་ཞིང་། རྩོམ་འདིར་གཡར་སྤྱོད་བྱས་པའི་དབྱིན་ཇིའི་མཚན་ཉིད་རིག་པ་བ་ཀེ་རི་ཧྥུའུ་ལགས་ཀྱི“ཚད་ལྡན་རང་བཞིན་གྱི་རང་སྟོབས་ནུས་པ”ཞེས་པ་ནི། མི་རྣམས་ཀྱིས་རང་ཉིད་སྤྱི་ཚོགས་ཁྲོད་དུ་གནས་པའི་གནས་ཡུལ་དང་། དེའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ཤེས་རྟོགས་ཤིག་ལ་གོ་བ་རེད། ཏག་ཏག་ངོས་འཛིན་ཤེས་རྟོགས་འདི་ལས“ལ་རྒྱ”བྱུང་བ་དང་། ལ་རྒྱའི་གོ་དོན་ནི་ཤེས་བྱའི་མང་ཉུང་གི་སྟེང་ན་ཡོད་པས་མི་ཚད། མིའི་བརྩེ་དུངས་ཀྱི་སྒྲིག་འཛུགས་སྟེང་ན་དེ་བས་ཀྱང་གནས་འདུག ཡང་ན་འདི་ལྟར་བཤད་ཀྱང་ཆོག་སྟེ། མི་རྣམས་ཀྱིས་རང་ཉིད་ནི་མི་ཞིག་ཏུ་བརྩི་བའི་ཤེས་རྟོགས་དང་ངོས་འཛིན་བྱས་པ་དེ་རྒྱུན་ཆད་མེད་པར་ལེགས་བཅོས་གོང་འཕེལ་བྱུང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན། གལ་སྲིད་ཤེས་བྱ་ནི་མིའི་ལ་རྒྱ་འཛུགས་པའི་རྨང་གཞི་ཡིན་ན། ཆེས་གལ་ཆེ་བའི་ཤེས་བྱ་ནི་མི་གཤིས་ཀྱི་ཤེས་བྱ་ཡིན་པ་དང་། ཅི་ཞིག་ནི་མི་ཡིན་པའི་སྐོར་གྱི་ཤེས་བྱ་དེ་ཡིན་པ་རེད། ཤེས་བྱ་འདི་དག་ནི་སློབ་གྲྭས་ཡོངས་སུ་རྫོགས་པར་འདོན་སྤྲོད་བྱེད་མི་ཐུབ་པར། སློབ་མ་རྣམས་ཀྱིས་འཚོ་བ་དང་སློབ་སྦྱོང་བྱེད་པའི་ཁྲོད་ནས་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་གནས་ཚུལ་ཕྲན་བུ་རེ་རེ་བྱས་ནས་བསགས་ཡོང་བར་མ་ཟད། དེ་ནི་བརྩེ་དུངས་འཛུགས་སྤེལ་ལ་ཐད་ཀར་ནུས་པ་འདོན་ཐུབ་པའི་ཤེས་བྱ་ཡིན།
        རྩོམ་ཡིག་འདི་ལས“ལ་རྒྱ”ཞེས་པ་དེ“མིའི་བཙན་འཕྲོག་བྱེད་མི་ཆོག་པའི་འོས་འགན་དང་འགན་འཁྲི། ཁེ་དབང་ཞིག”ཡིན་པར་གོ་བ་ལེན་པ་དང་། སྔོན་དུ་གླེང་ཟིན་པ་ལྟར། ལ་རྒྱ་ནི་མི་རྣམས་ཀྱིས་ཚེ་སྲོག་གི་དོན་སྙིང་ལ་གོ་བ་བླངས་པ་དང་། སྤྱི་ཚོགས་ཁྲོད་ཀྱི་མི་ལུས་ཐོབ་ཐང་གི་གནས་ཐིག་གཏན་འཁེལ་བྱེད་ཚུལ་ལས་བྱུང་བ་ཡིན། འོས་འགན་ནི་མི་བུ་སྒེར་གྱིས་རང་ཉིད་ཀྱི་ཚེ་སྲོག་ལ་གོ་བ་བླངས་ནས་སྐྱེ་བོ་རང་ཉིད་ཀྱིས་སྤྱི་ཚོགས་ཁྲོད་དུ་རང་འགུལ་ངང་ཁུར་དུ་ལེན་འོས་པའི་ལས་འགན་ཞིག་སྟེ། གསལ་བོར་བཤད་ན་མི་བུ་སྒེར་གྱིས་དེ་དང་མཐུན་པའི་སྤྱི་ཚོགས་འབྲེལ་བའི་ཁྲོད་དུ་རང་འགུལ་ངང་བསྒྲུབ་འོས་པའི་རིན་ཐང་འདོན་པ་ཞིག་རེད། ལ་རྒྱའི་སེམས་ཁམས་འཛུགས་སྤེལ་བྱེད་པའི་གཏན་ཚིགས་ནི། ཚེ་སྲོག་གི་གོ་བ—མིའི་དགོས་མཁོ—སྤྱི་ཚོགས་ཀྱི་བརྩེ་དུངས་དང་རིན་ཐང—རང་འགུལ་གྱི་སྤྱི་ཚོགས་བྱ་སྤྱོད་བཅས་སོ། ། འགན་འཁྲི་ནི་སྤྱི་ཚོགས་ཀྱིས་མི་བུ་སྒེར་ལ་བཏོན་པའི་ལས་འགན་བླང་བྱ་ཡིན། སྤྱི་ཚོགས་ཀྱི་གྲུབ་ཚུལ་མི་འདྲ་བ་ལ་ལས་འགན་གྱི་བླང་བྱ་ཡང་མི་འདྲ་བ་ཡོད་དེ། འདི་ནི་སྤྱི་ཚོགས་རིག་པས་སྤྱི་ཚོགས་ཀྱི་རིགས་དབྱིབས་བགྲོ་གླེང་བྱེད་སྐབས་སུ་བཤད་དགོས་པའི་སྐད་ཆའི་གླེང་གཞི་ཞིག་ཡིན་པས། འདིར་སྐབས་སུ་མ་བབས་པས་མི་སྤྲོོས་སོ། ། མི་བུ་སྒེར་གྱི་ཆ་ནས། འོས་འགན་ནི་རང་འགུལ་གྱིས་སྒྲུབ་པ་ཡིན་ཞིང་། སེམས་གཏིང་ནས་ཐོན་པའི་བརྩེ་དུངས་ཕྱིར་མངོན་པ་ཞིག་ཡིན། འགན་འཁྲི་ནི་སྤྱི་ཚོགས་ཀྱིས་མི་བུ་སྒེར་ལ་གནང་བའི་ལས་འགན་ཡིན། འདི་ལ་མི་བུ་སྒེར་གྱིས་ཚུལ་མཐུན་གྱི་ཚོར་བ་ཞིག་ཡིན་པར་སྙམ་ཆོག་ལ། ཚུལ་དང་མི་མཐུན་པ་ཞིག་ཡིན་པར་འདོད་ཀྱང་ཆོག གནད་འགག་ནི་མི་བུ་སྒེར་གྱིས་རང་ཉིད་ཀྱི་འོས་འགན་ལ་གོ་བ་ཇི་ལྟར་བླངས་པའི་ཆུ་ཚད་ལ་ཐུག་ཡོད། གལ་ཏེ་མི་ཞིག་གིས་རང་ཉིད་ཀྱི་འོས་འགན་ལ་གོ་བ་བླངས་པ་ཆེ་ཚད་ཀྱིས་འགན་འཁྲི་ཡང་དེའི་ནང་དུ་ཤོང་ཚེ། མི་འདིས་སྤྱི་ཚོགས་ཀྱི་ལས་འགན་ལ་ཧུར་བརྩོན་བྱེད་སྲིད་པ་རེད། མི་ཞིག་གིས་རང་ཉིད་ཀྱིས་ཁུར་དུ་ལེན་དགོས་པའི་འོས་འགན་དང་འགན་འཁྲི་དེ་འབྲེལ་བ་མེད་སྙམ་པའམ་འོས་འགན་དེ་འགན་འཁྲི་ལས་ཆུང་བར་སྙམ་ཚེ། མི་དེས་སྤྱི་ཚོགས་ཀྱི་བྱ་བ་རང་འགུལ་གྱིས་བསྒྲུབ་མི་སྲིད་པར་མ་ཟད། ཐ་ན་སྒྱིད་ལུག་ཡིན་པ་རེད། ཁེ་དབང་ནི་མི་བུ་སྒེར་ལ་ཐོབ་འོས་པའི་ཁེ་ཕན་ཡིན་ཏེ། མི་རེ་རེ་ལ་དེ་མཐུན་གྱི་སྤྱི་ཚོགས་ནང་དུ་ཐོབ་འོས་པའི་རིན་ཐང་གི་དྲིན་འཇལ་ཞིག་ཡིན་ཞིང་། དེ་ལ་མི་རང་ཉིད་ཀྱི་དངོས་པོའི་ཁེ་ཕན་དང་སྤྱི་ཚོགས་གོ་གནས་ཀྱི་ཁེ་ཕན་ཡང་ཚུད་ཡོད། དངོས་པོའི་ཁེ་ཕན་ནི་གཙོ་བོ་མིའི་བཙན་འཕྲོག་བྱེད་མི་རུང་བའི་ཚེ་སྲོག་དེ་གནས་པའི་དངོས་པོའི་ཆ་རྐྱེན་ལ་གོ དཔེར་ན། རྒྱུ་ཆ་དང་རྒྱུ་ནོར་ལ་སོགས་པ་ལྟ་བུའོ། ། སྤྱི་ཚོགས་ཀྱི་གོ་གནས་ཁེ་ཕན་ནི་གཙོ་བོ་མིའི་ཐོབ་ཐང་དང་འདོད་ཚུལ། འོས་ཐོབ་དང་རང་དབང་སོགས་ལ་སྟོན་པ་ཡིན། དངོས་ཡོད་སྤྱི་ཚོགས་ཁྲོད་དུ། དངོས་པོའི་ཁེ་ཕན་དང་སྤྱི་ཚོགས་ཀྱི་གོ་གནས་ཁེ་ཕན་ནི་ཕན་ཚུན་བསྣོལ་མར་འདྲེས་ནས་ཡོད་པས། སོ་སོར་རྦད་དེ་ཁ་འབྲལ་མི་ཐུབ། སྤྱི་ཚོགས་ཀྱི་རིགས་དབྱིབས་མི་འདྲ་བའི་མི་ཡིས་རང་ཉིད་དང་མི་གཞན་གྱི་ཁེ་དབང་ལ་གོ་བ་ལེན་སྟངས་དང་གྲུབ་ཚུལ་ཡང་མི་འདྲ་བ་ཡིན་ནོ། །
        “ལ་རྒྱ”ཡིས་མིའི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་མཉམ་གཅིག་ཏུ་སྤྱད་དེ། མི་རྣམས་ལ་རང་ཉིད་ནི་སུ་ཡིན་པ་ཤེས་སུ་འཇུག་པ་དང་། མི་གཞན་པ་དང་སྤྱི་ཚོགས་ལ་གོ་བ་ཇི་ལྟར་ལེན་པ་ཤེས་སུ་འཇུག་པ། རང་དང་གཞན་ལ་ཇི་འདྲའི་སྤྱོད་ཚུལ་འཛིན་པ། རང་ཉིད་ཀྱིས་ཅི་ཞིག་ལོངས་སུ་སྤྱོད་འོས་པ་དང་ཅི་ཞིག་བློས་གཏོང་འོས་པ་བཅས་ཤེས་སུ་འཇུག་པ་ཡིན། མིའི་ཁེ་དབང་ནི་སུས་སྩོལ་ཐུབ་པ་ཞིག་མ་ཡིན་པར། དེ་ནི་རང་ཉིད་ཀྱི་འོས་འགན་དང་འགན་འཁྲིར་བརྟེན་ནས་མངོན་འགྱུར་བྱེད་པ་ཡིན། སྟོང་བསམ་དང་འཆར་སྣང་ཞིག་གིས་རང་ཉིད་ཀྱི་ཁེ་དབང་ནི་ཕྱི་རོལ་གྱི་མི་ཆེ་གེ་མོ་ཞིག་གམ། ཡང་ན་དངོས་པོ་ག་གེ་མོ་དང་ལྷའམ་འཕགས་ཆེན་གང་ཞིག་གིས་གནང་ཞིང་བསྩལ་པ་ཡིན་པར་འདོད་པའི་མི་དེ་རྨོངས་དད་ཀྱི་ཕྱོགས་སུ་འགྲོ་སླ་བ་རེད། རྨོངས་དད་ཀྱི་གོ་དོན་ནི་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་དང་ཁེ་དབང་བཅས་སོ་སོར་ཕྱེ་ནས། རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་དེ་ཕྱི་ལ་གཏད་གཉེར་མངགས་བཅོལ་བྱས་ཐོག ལྷ་ཆེ་གེ་མོའམ་འཕགས་ཆེན་གང་ཞིག་ལ་སྐྱབས་འཇུག་ཞུས་ནས། རང་ཉིད་ལ་ཁེ་ཕན་གྱི་དངོས་གྲུབ་སྦྱིན་ཡོང་བར་རེ་བ་ཡིན།
        སྤྱི་ཚོགས་ཧྲིལ་བོའི་ཟུར་ངོས་ནས་བལྟས་ན། ལ་རྒྱ་ནི་སྤྱི་ཚོགས་ཀྱིས་མི་རེ་རེར་གནང་བའི“ཐོབ་ཐང”གི་རྐྱེན་ལས་བྱུང་བའི་དགོས་མཁོ་དང་བརྩེ་དུངས། རིན་ཐང་། དེ་མིན་བྱ་སྤྱོད་བཅས་ཀྱི་ཕྱོགས་བསྡུས་ཤིག་ཡིན། འདི་འདྲའི་ཐོབ་ཐང་དེ་ནི་ལས་རིགས་ཐོབ་ཐང་ངམ། ཡང་ན་ལས་འགན་གྱི་ཐོབ་ཐང་ལྟར་སྟབས་བདེའི་ངང་ནས་སྟོན་པ་ཞིག་ནི་མ་ཡིན་པར། འདྲ་མཚུངས་ཀྱི་མི་ཞིག་ཡིན་པའི་ངོས་ནས། དེའི་མིའི་ཐོབ་ཐང་གི་ཚད་ཁས་ལེན་པ་དེ་ཡིན། འདི་འདྲའི་ཐོབ་ཐང་གི་ཚད་ལ་བརྟེན་ནས་མི་དེ་ལ་གནས་ཚུལ་ཤེས་དབང་དང་། ནང་དུ་ཞུགས་དབང་། རང་ཉིད་ཐག་གཅོད་ཀྱི་ཁེ་དབང་བཅས་ཡོད་མེད་གཏན་འཁེལ་བྱེད་པ་ཡིན། སྤྱི་ཚོགས་ཀྱི་མི་ཆོས་དེ་ནི་མི་ཚེའི་གཞུང་ལུགས་སྟེང་ནས་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་གོ་བ་བླངས་པའི་རྗེས་སུ་བཙུགས་པའི་ཚོགས་སྤྱིའི་ཐོབ་ཐང་གི་སེམས་ཁམས་ཀྱི་སྒྲིག་སྲོལ་དང་བྱ་སྤྱོད་ཀྱི་གོ་རྟོགས་ཤིག་ཡིན། བཅའ་ཁྲིམས་ནི་སྤྱི་ཚོགས་ཀྱིས་ཐོབ་ཐང་ལ་གནས་ཐིག་གཏན་འཁེལ་བྱེད་པའི་གན་རྒྱའི་སྒྲིག་སྲོལ་ཡིན་པ་དང་། ཡང་ན་སྤྱི་ཚོགས་ཀྱིས་གཏན་འཁེལ་བྱས་པའི་ངེས་པར་བརྩི་སྲུང་བྱེད་དགོས་པའི་ཐོབ་ཐང་གི་ཚད་གཞི་ཡིན་པ་དང་། མིའི་བྱ་སྤྱོད་ཀྱི་མཐའ་མའི་ཚད་ཐིག་ཡིན། མི་ལ་ཇི་ལྟར་གོ་བ་བླངས་པ་ཡིན་ན། དེ་ལྟར་མིའི་ཐོབ་ཐང་ལ་གནས་ཐིག་གཏན་འཁེལ་བྱེད་པ་ཡིན་ཞིང་། སྤྱི་ཚོགས་ཁྲོད་ཀྱི་མིས་ཀྱང་དེ་ལྟར་རང་ཉིད་ཀྱི་ཐོབ་ཐང་ལ་གོ་བ་ལེན་པ་དང་གསལ་འགྲེལ་བྱས་ནས། རང་ཉིད་ཀྱི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་ལ་དེ་ལྟར་ངོས་འཛིན་བྱེད་པ་རེད། དེར་བརྟེན། ལ་རྒྱའི་གོ་བ་ལེན་ཚུལ་དེ་ཡང་སྤྱི་ཚོགས་རང་བཞིན་ཞིག་ཡིན་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་དང་ཚོད་འཛིན་ངེས་ཅན་ཞིག་ཐེབས་པ་རེད། དུས་མཚུངས་སུ་ལ་རྒྱ་ནི་ཟམ་མི་ཆད་པར་འཛུགས་སྤེལ་དང་འཐུས་ཚང་དུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་ན། བརྒྱུད་རིམ་འདི་ནི་སློབ་གསོ་གནས་པའི་རིན་ཐང་ཡིན་པ་རེད། །(མུ་འགོད)

(མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་ཀ་རིང་ཚེ་སྐྱོང་གིས་བསྒྱུར)
① 习近平在北京师范大学师生座谈会上的讲话[N].人民日报,2018-05-03(001).
② 大学•中庸[M].王国轩,译注.北京:中华书局,2006:44.
③ 柏拉图.理想国[M].郭斌和,张竹明,译.北京:商务印书馆,1986:267.
④ 卢梭.爱弥儿(上卷)[M].李平沤,译.北京: 商务印书馆,2001:5.
⑤ 任钟印.西方近代教育论著选[M].北京:人民教育出版社,2001:238.
⑥ 福禄培尔.人的教育[M].孙祖复,译.北京:人民教育出版社,2001:6.
⑦ 杜威.民主主义与教育[M].王承绪,译.北京:人民教育出版社,2001:2,45.
⑧ 北京大学哲学系外国哲学史教研室.西方哲学原著选读(上)[M].北京:商务印书馆,1981.
⑨ 米兰多拉.论人的尊严[M].顾超一,樊虹谷,译.北京:北京大学出版社,2010:25.11
⑩ 康德.康德著作全集(第4卷).道德形而上学奠基[M].李秋零,译.北京:中国人民大学出版社,2007:435.
岩崎允胤.人的尊严、价值及自我实现[M].刘奔,译.北京:当代中国出版社,1993:45.
 GRIFFIN J.On human rights[M].New York:Oxford University Press,2008:32.

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1