སྨན་པ་ཁེ་ཏི་ཧྭ་ཡི་རྒྱལ་སྤྱི་རིང་ལུགས་ཀྱི་སྙིང་སྟོབས་ནམ་ཡང་མི་ཉམས་པ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-03



—— རྒྱ་གར་གྱི་ནུབ་མོང་ཅ་ལ་མངའ་སྡེའི་སྨན་པ་ཁེ་ཏི་ཧྭའི་དྲན་གསོ་ཨུ་ལྷན་གྱི་ཀྲུའུ་ཞི་ཀན་ཐའེ་ཐེར་བཅར་འདྲི་བྱས་པ།

     “ང་ཚོས་སྨན་པ་ཁེ་ཏི་ཧྭ་ལ་དྲན་གསོ་ཞུ་དོན་ནི་སྨན་པ་ཁེ་ཏི་ཧྭ་ཡི་རྒྱལ་སྤྱི་རིང་ལུགས་ཀྱི་སྙིང་སྟོབས་ནམ་ཡང་མི་ཉམས་པའི་ཆེད་དུ་ཡིན”ཞེས་རྒྱ་གར་གྱི་ནུབ་མོང་ཅ་ལ་མངའ་སྡེའི་སྨན་པ་ཁེ་ཏི་ཧྭའི་དྲན་གསོ་ཨུ་ལྷན་གྱི་ཀྲུའུ་ཞི་ཀན་ཐའེ་ཐེ་ཡིས་དེ་ལྟར་བརྗོད།
     འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀན་ཐའེ་ཐེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྨན་པ་ཁེ་ཏི་ཧྭ་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་གི་ཁོངས་མིས་ཚེ་སྲོག་གི་ཉེན་ཁར་མི་འཛེམ་པར་ཀྲུང་གོར་རི་འགོག་དམག་འཁྲུག་ལ་རོགས་རམ་བྱེད་རོགས་བྱས་ཡོད། དེ་ནི་རྒྱལ་སྤྱི་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པ་ཞིག་རེད། “ང་ཚོས་སྨན་པ་ཁེ་ཏི་ཧྭ་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ལ་སྲུང་སྐྱོང་གིས་འཛམ་གླིང་ཞི་བདེ་དང་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ངེས་རེད”ཅེས་བརྗོད།
     ཁེ་ཏི་ཧྭ་ཡིས་1938ལོར་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་དང་མཉམ་དུ་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རོགས་རམ་བྱེད་རོགས་བྱེད་པར་ཡོང་ཡོད། ཁོང་1939ལོའི་ཟླ་1པོར་ཡན་ཨན་དུ་འབྱོར་བ་དང་། སྔ་རྗེས་སུ་ཡན་ཨན་དང་ཧྭ་པེའི་རི་འགོག་རྟེན་གཞིར་ཞབས་འདེགས་ཞུ་མྱོང་བ་མ་ཟད། 1942ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1942ལོའི་ཟླ་12ཚེས་9ཉིན་ཁེ་ཏི་ཧྭ་དཀའ་སྤྱད་ངལ་དུབ་ཆེ་བས་ནད་གཞི་ཕོག་སྟེ་ཀྲུང་གོར་ཚེ་ལས་འདས་པ་དང་སྐབས་དེ་དུས་ཁོང་ལོ་32ལ་སླེབས་ཙམ་རེད།
     ཀན་ཐའེ་ཐེ་ཡིས་སྨན་པ་ཁེ་ཏི་ཧྭ་ལ་དྲན་གསོ་ཞུ་སྟངས་ཡག་ཤོས་ནི་ཁོང་གི་ཕུགས་བསམ་ལག་ལེན་བསྟར་རྒྱུ་དེ་རེད། “ཁེ་ཏི་ཧྭ་ཡིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ཆེད་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་ཡོད་པས། ང་ཚོས་སྤྱི་ཚོགས་ལ་སྒེར་སེམས་མེད་པར་ཞབས་འདེགས་ཞུ་གང་ཐུབ་བྱེད་པ་ནི་སྨོས་མེད་རེད”ཅེས་བརྗོད།
     ཀན་ཐའེ་ཐེ་ཡི་དགེ་རྒན་པ་སུའུ་ཧྭ་ཡང་དེ་སྔ་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་དང་མཉམ་དུ་ཀྲུང་གོར་ཡོང་ནས་རི་འགོག་དམག་འཁྲུག་ལ་རོགས་སྐྱོར་བྱེད་མྱོང་ཡོད། ད་ཆ་སྨན་པ་ཁེ་ཏི་ཧྭའི་དྲན་གསོ་ཨུ་ལྷན་དང་རྒྱ་གར་གསེར་ཁབ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཀན་ཐའེ་ཐེ་ཡིས་སྨན་པ་ཁེ་ཏི་ཧྭ་དང་དགེ་རྒན་སྨན་པ་པ་སུའུ་ཧྭ་ཡི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ་ལོ་མང་རིང་རྒྱ་གར་དུ་ཀྲུང་གོའི་གསེར་ཁབ་ཁྱབ་གདལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་གར་དང་ཀྲུང་གོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལས་དོན་འབོར་ཆེན་བསྒྲུབས་ཡོད།
     1988ལོར་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་གི་དྲན་གསོ་ཁང་ཀྲུང་གོར་ཡོལ་བ་འབྱེད་པའི་སྐབས་སུ་ཀན་ཐའེ་ཐེ་ཡིས་སྨན་པ་ཁེ་ཏི་ཧྭའི་དྲན་གསོ་ཨུ་ལྷན་གྱི་ཁོངས་མིའི་ཐོབ་ཐང་ཐོག་ནས་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་ཡོད། 2016ལོར་ཀན་ཐའེ་ཐེ་ཡིས་རྒྱ་གར་གསེར་ཁབ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་ཐོབ་ཐང་ཐོག་ནས་ཀྲུང་གོར་འཚམས་འདྲིར་ཐེངས་གསུམ་པ་ཡོང་བ་དང་། ཀྲུང་གོའི་འཕེལ་རྒྱས་མྱུར་པོ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་ཧང་སངས་ཡོད། 2018ལོར་ནུབ་མོང་ཅ་ལ་མངའ་སྡེའི་སྨན་པ་ཁེ་ཏི་ཧྭའི་དྲན་གསོ་ཨུ་ལྷན་གྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ཀན་ཐའེ་ཐེ་ཡིས་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་ཀྲུང་གོར་བསྐྱོད་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་མཚམས་སུ་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་། འཐུས་མི་ཚོགས་པའི་ཁོངས་མིས་ལོ་80ཡི་རྗེས་སུ་ཀྲུང་གོའི་མི་དམངས་ཀྱིས་སྨན་པ་ཁེ་ཏི་ཧྭ་དང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་རྒྱ་གར་གྱི་སྨན་བཅོས་རུ་ཁག་གིས་རི་འགོག་དམག་འཁྲུག་ཆེད་ལེགས་སྐྱེས་ཕུལ་བ་ད་དུང་བརྗེད་མེད་པས་ཧང་སངས་ཡོད།
     ཀན་ཐའེ་ཐེ་ཡིས་སྨན་པ་ཁེ་ཏི་ཧྭ་ཡི་བྱས་རྗེས་དང་། རྒན་ལགས་དང་མཉམ་དུ་གསེར་ཁབ་སྦྱོང་བ་དང་། ཀྲུང་གོར་འཚམས་འདྲིར་བསྐྱོད་པ་སོགས་ཀྱི་ཉམས་མྱོང་ལས་ངའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞེས་བརྗོད་པ་དང་། ཁོང་གིས་རྒྱ་གར་དང་ཀྲུང་གོ་གཉིས་ཀ་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། དེ་ནི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དྲན་གསོ་ཡག་ཤོས་ཞུས་པ་ཞིག་རེད་ཅེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1