གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༠༦ཉིན།

པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་དུ་མཆོད་མཇལ་ལ་ཕེབས་པ།


     ཀྲུང་གོ་བོད་ལྗོངས་དྲ་བའི་གནས་ཚུལ་འབྱོར་གསལ། ཟླ་8ཚེས་3ཉིན་གྱི་ཞོགས་པར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཙུག་ལག་ཁང་དུ་མཆོད་མཇལ་ཕེབས་ནས་ཕྱག་མཆོད་དང་ཞལ་འདོན་གསུངས་ཏེ་འཛམ་གླིང་ཞི་བདེ་དང་རྒྱལ་ཁབ་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བའི་སྨོན་ལམ་བཏབ་པ་རེད། 

     གཙུག་ལག་ཁང་དུ་བསང་གི་དུ་བ་ལྷང་ལྷང་དུ་འཕྱུར་ཞིང་། མཆོད་མེ་བརྒྱ་སྟོང་གསལ་ཐིང་ཐིང་བསྒྲོན་ཡོད། དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་ཆོ་ག་དང་བོད་བརྒྱུད་ནང་བསྟན་གྱི་གུས་སྲོལ་མཐོ་ཤོས་ལྟར་གཙུག་ལག་ཁང་གི་མདུན་སྒོའི་འགྲམ་གཉིས་སུ་སེར་ཕྲེང་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་ཕེབས་བསུ་ཞུས་པ་རེད།


     དགེ་འདུན་པ་དག་གིས་ཕེབས་རོགས་ཞུས་ནས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙུག་ལག་ཁང་ནས་དགའ་ལྡན་ལྷ་ཁང་དང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་། ཇོ་བོ་རིན་པོ་ཆེ་བཅས་སུ་མཆོད་མཇལ་ཞུས་པ་དང་འབྲེལ། རེ་རེ་བཞིན་གསོལ་བ་བཏབ་པ་དང་སྨོན་ལམ་གསུངས་པ། མཇལ་དར་ཕུལ་བ་བཅས་གནང་བ་རེད།

     ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་གངས་ལྗོངས་མཐོ་སྒང་ལ་གདན་དྲངས་པའི་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་དང་མཉམ་པའི་ཇོ་བོའི་སྐུ་མདུན་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷག་བསམ་རྣམ་དག་གིས་ཞལ་གསེར་ཕུལ་བ་དང་། མཇལ་དར་ཕུལ་ནས་ཕྱག་འཚལ་བ་རེད། དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཞུགས་ཁྲིར་བཞུགས་ནས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ནས་ཞལ་འདོན་གསུངས་ནས་འཛམ་གླིང་ཞི་བདེ་དང་། རྒྱལ་ཁབ་དར་རྒྱས། མི་དམངས་བདེ་སྐྱིད། གེགས་བར་སེལ་བ་བཅས་ཀྱི་སྨོན་འདུན་ཞུས་པ་རེད། ཞལ་འདོན་གསུངས་པ་མཇུག་འགྲིལ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙུག་ལག་ཁང་གི་དགེ་འདུན་པ་ཚོར་ཕྱག་དབང་གནང་ཞིང་འགྱེད་གནང་བ་དང་མང་ཇ་དྲངས་པ་རེད།


    ཞལ་འདོན་པའི་གསུངས་སྐད་ཀྱི་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙུག་ལག་ཁང་ནས་ཕྱིར་ཕེབས་ཤིང་། སྐབས་དེར། ཆར་རྗེས་ཀྱི་ལྷ་སར་ལྷིང་འཇགས་དང་འཆམ་མཐུན་གྱི་ཉམས་ཤིག་མངོན་འདུག






http://tibet.people.com.cn/15819790.html 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1