༄༅།།བསྐྱར་ཟློས་ཀྱི་རྒྱ་རུ་ཚུད་པའི“བག་ལེབ་ཇ་བསྒྲེས་མ”དང“ཉ་ཤ་ཚྭ་བླུག་མ།”

ཚེ་བརྟན་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-17


བསྐྱར་ཟློས་ཀྱི་རྒྱ་རུ་ཚུད་པའི“བག་ལེབ་ཇ་བསྒྲེས་མ”དང“ཉ་ཤ་ཚྭ་བླུག་མ།”①
—སྒྲུང་གཏམ《ཉིན་གཅིག་གི་ཆོ་འཕྲུལ》②དང《ཉིན་གཅིག》③གཉིས་ཀྱི་གཤིབ་བསྡུར།
ཚེ་བརྟན་རྒྱལ།(ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང)

 གླེང་གཞི།

        སྟག་འབུམ་རྒྱལ་གྱིས1990ལོར་བརྩམས་པའི་སྒྲུང་ཐུང《ཉིན་གཅིག་གི་ཆོ་འཕྲུལ》དང་ཁ་ཆེའི་སྒྲུང་གཏམ་རྩོམ་མཁན་ཁྲིན་ཚུན④(陈村)གྱིས1988ལོར་རྒྱ་ཡིག་ཏུ་བརྩམས་པའི《ཉིན་གཅིག》གཉིས་ནི་གཏམ་རྒྱུད་དང་བྱུང་རིམ་སྒྲིག་སྟངས། རྗོད་པ། བརྗོད་སྙིང་། རྩོམ་གཤིས་དང་སྒྱུ་རྩལ་མཚོན་ལུགས་སོགས་ཆ་མང་པོ་ནས་འདྲ་བར་མངོན། 《ཉིན་གཅིག་གི་ཆོ་འཕྲུལ》ནང་དུ་མི་ཚེ་གང་པོ་ལུག་ཁྱུའི་རྗེས་སུ་ཟད་པའི་ལུག་རྫི་གཡང་འབུམ་གྱི་བསྐྱར་ཟློས་དང་ཆོ་མེད་པའི་འཚོ་བ་དེ་སྒྱུ་རྩལ་གྱི་བདེན་པ་ཤུགས་དྲག་པའི་སྒོ་ནས་དྲིལ་བསྡུས་སུ་མཚོན་ཞིང་། ཁྲིན་ཚུན་གྱི《ཉིན་གཅིག》ལས་ཉམ་ཆུང་ནུས་མེད་ཀྱི་བཟོ་ལས་པ་ཀྲང་སན(张三)གྱི་མི་ཚེ་དེ་ལྟོ་རྒྱབ་དང་ལས་ཀའི་བར་གྱི་བསྐྱར་ཟློས་ཀྱི་རྒྱ་རུ་ཚུད་པ་དང་། དུས་ཚོད་ཧྲག་བསྡུས་སྒྱུ་རྩལ་གྱིས་རྣམ་པར་སྤྲས་ཏེ་མི་ཚེ་གཅིག་གི་དུས་ཡུན་ནང་ཕྱིའི་འཚོ་བའི་གནས་སྟངས་དང་ནང་གི་བསམ་བློའི་སྤུས་ཀ་གང་ལའང་འཕེལ་རྒྱས་མེད་པའི་སྣང་ཚུལ་ཞིག་རྗེན་པར་བརྗོད་ཡོད།
        སྤྱིར་ན་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་ལོ་རབས་དགུ་བཅུ་པའི་ནང་གི་བོད་ཀྱི་སྒྲུང་གཏམ་གྱི་གནས་བབ་ནི་བྱིས་པ་གོམ་ལ་སློབ་པའི་དུས་ལྟ་བུ་ཡིན་པས། ཕལ་ཆེ་ཤོས་ཕྱིའི་རྣམ་པའི་སྒྱུ་རྩལ་མཚོན་ལུགས་ཐད་དངོས་འབྲི་ཆིག་རྐྱང་གི་རྣམ་པ་ནས་རྒྱའི་རྩོམ་པ་པོའི་རྗེས་སུ་སྙེག་པ་དང་།ཕྱི་མའང་ཅུང་ནུབ་ཕྱོགས་ཀྱི་སྒྲུང་གཏམ་གྲུབ་མཐའ་གསར་པ་དག་གི་རྗེས་སུ་སྙེག་བཞིན་ཡོད། སྟག་འབུམ་རྒྱལ་གྱིས་སྒྲུང་གཏམ་འདིར་འབྲི་ཐབས་དང་སྒྱུ་རྩལ་མཚོན་ལུགས་ཀྱི་ཆ་ནས་ཁྲིན་ཚུན་ལ་ལད་འབྲི་བྱས་ཡོད་ཅེས་པའམ་མ་མཐའ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་ན་ཐལ་མི་ཆེ་ལ། དེ་ཡང་གཅིག་ནས་སྐབས་དེར་བོད་ལ་སྒྲུང་གཏམ་མཚན་ཉིད་པའི་མྱུ་གུ་གཞི་ནས་འབུས་མགོ་ཚུགས་པའི་དུས་ཤིག་ཡིན་པས་ལད་ཟློས་དང་བཤུ་མོ་སོགས་ནི་ཡོད་ཅིས་ཀྱང་སྲིད་ལ་ཡོད་ཀྱང་དགོས་སྙམ་པ་དང་། གཉིས་ནས་ཁྲིན་ཚུན་གྱི་སྒྲུང་གཏམ་ལའང་སུའུ་ལེན་གྱི་རྩོམ་པ་པ་པོ་ཨཱེ་ཐུར་མཱ་ཐོ་ཧྥུ(钦基慈·艾特马托夫)ཡི་སྒྲུང་རིང《ཉིན་གཅིག་ནི་ལོ་བརྒྱ་ལས་རིང》(《一日长于百年》)⑤ཞེས་པའི་ཤན་ཐེབས་ཡོད་པ་ཇི་བཞིན་རྒྱའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་ནུབ་ཕྱོགས་ཀྱི་གསར་རྩོམ་བླང་བྱ་དེ་དག་དང་ལེན་ཅི་ཐུབ་བྱས་ཡོད་ཕྱིར་སྟག་འབུམ་རྒྱལ་ལ་ཁྲིན་ཚུན་གྱི་ཤན་ཞུགས་ཚུལ་དེ་སྐྱོན་ཞིག་ཏུ་བརྩིས་ཏེ་ཤུགས་ཆེར་བརྗོད་ན་དོན་ཆུང་ངོ་། །

 དང་པོ། དཔེ་མཚོན་ཁོར་ཡུག(典型环境)ཁྲོད་ཀྱི་སྣང་བརྙན་བྲལ་བའི་མི་སྣ།
        དཔེ་མཚོན་གྱི་གནད་དོན་ནི་དངོས་ཡོད་རིང་ལུགས་ཀྱི་གནད་དོན་གཙོ་བོ་ཞིག་ཡིན་པ་དང་། པར་ཀྲ་ཁེ(巴尔扎克)སོགས་དངོས་ཡོད་རིང་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་རྩོམ་པ་པོ་དག་གིས་དཔེ་མཚོན་མི་སྣ་བཀོད་འབྲི་བྱས་པ་བརྒྱུད་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་སྣང་བརྙན་ཞིག་བཞེངས་སྐྲུན་བྱས་ཡོད། ཡིན་ཡང་སྟག་འབུམ་རྒྱལ་གྱིས《ཉིན་གཅིག་གི་ཆོ་འཕྲུལ》དུ་མི་སྣ་གཙོ་བོ་གཡང་འབུམ་དེ་ཉིད་སྤྱི་བམ་པའི་གཤིས་ཀའི་བདག་ཉིད་ཅན་དུ་བཏང་བ་ལས་དཔེ་མཚོན་ཅན(典型化)ཞིག་ཏུ་བཀོད་འབྲི་བྱས་མེད། སྲོལ་རྒྱུན་སྒྲུང་གཏམ་ལྟར་ན“མི་སྣ་ནི་སྒྲུང་གཏམ་གྱི་སྒུལ་ཤུགས་ཡིན”⑥ཞེས་པ་ལྟར་སྦྱོར་བ་སྣ་ཚོགས་བྱུང་རིམ་གྱི་ཁུགས་སོ་རེ་རེ་ནས་སྔ་ཕྱིར་ལྷུ་བསྒྲིགས་ཤིང་རིམ་གྱིས་ཟུར་དུ་དོད་པའི་མི་སྣའི་ཁྱད་གཤིས་དེ་སྒྲུང་གཏམ་སྤྱིའི་སྲོག་ཤིང་ལྟ་བུ་རུ་ཆགས་ཡོད་མོད།སྒྲུང་གཏམ་འདིར་གཡང་འབུམ་ཞེས་ཚེ་རིང་དོན་གྲུབ་ཀྱི་ར་ལོ་ནང་བཞིན་དཔེ་མཚོན་དོད་པའི་མི་སྣའི་སྣང་བརྙན་ཞིག་འཛིན་རྒྱུ་མེད་པ་དང་། དེའི་རྒྱུ་མཚན་ནི་རྩོམ་པ་པོས་མི་སྣ་ལས་ཁོར་ཡུག་དཔེ་མཚོན་དུ་བཏང་བའི་རྐྱེན་རེད།ཁོར་ཡུག་དེ་ནི་མི་སྣ་གཙོ་བོ་གཡང་འབུམ་འཚོ་གནས་བྱེད་སའི་འབྲོག་པའི་རྩྭ་ཐང་དང་། མི་རབས་ནས་མི་རབས་སུ་ཕ་ཤུལ་བུ་འཛིན་གྱི་བསྐྱར་ཟློས་ཁྲོད་འཕེལ་མེད་སོར་གནས་ཀྱིས་ལུག་རྫིའི་ལས་སུ་ཞུགས་མཁན་གྱི་མི་དེ་ཚོའི་འཚོ་གནས་ཀྱི་རྣམ་པ་དང་། དེ་དག་གིས་མངོན་པར་མཚོན་པའི་འཕེལ་རྒྱས་དང་འགྱུར་བག་བྲལ་བའི་བོད་ཀྱི་སྤྱི་ཚོགས་དེ་རེད།
        ཁྲིན་ཚུན་གྱི《ཉིན་གཅིག》ནང་དུ་བསྟན་པ་ནི་བཟོ་ལས་སྤྱི་ཚོགས་འོག་མི་སེར་ཕལ་བའི་ཚབ་མཚོན་ཏུ་གྱུར་པའི་མི་སྣ་ཀྲང་སན་གྱི་ཐེར་ཟུག་གི་མི་ཚེ་གང་པོ་རེད། ཁོ་མལ་སའི་ནང་གི་བུ་ཆུང་ཞིག་ནས་རིམ་བཞིན་འཚར་ལོངས་བྱུང་སྟེ་ཆུང་མ་བླངས་པ་དང་། བུ་ཕྲུག་སྐྱེས་པ། སླར་མཐར་རང་ཉིད་རྒས་ཤིང་བཟའ་ཟླ་ཤི་བ་སོགས་ཀྱི་མི་ཚེའི་ལྷུ་སྣེ་ཁ་ཅིག་གོང་མ་ནང་བཞིན་རྩོམ་པ་པོས་དུས་ཀྱི་སྒྲིག་རིམ་ཡོངས་སུ་གཏོར་ཏེ་ཉིན་གཅིག་གི་དུས་ཡུན་དུ་བསྒྲིལ་ཅིང་མི་སྣའི་སྣང་བརྙན་གཏད་སོ་བྲལ་བ་ཞིག་ཏུ་འབྲི་བཞེངས་བྱས་ཡོད། ཀྲང་སན་གྱི་མི་སྣའི་ཁྱད་གཤིས་དེ་ཉིད་མི་མང་པོར་ཁྱབ་པའི་སྤྱི་གཤིས་ཤིག་ལས་གྲུ་བཞི་ལྷམ་པ་ཞིག་ཏུ་འཛིན་རྒྱུ་མེད་པ་དེ་སྟག་འབུམ་རྒྱལ་གྱི་གཡང་འབུམ་ཇི་བཞིན་སྒེར་གཤིས་དོད་མེད་པའི་ལེབ་གཟུགས་མི་སྣ⑦མཚན་ཉིད་པ་ཅིག་ཏུ་གྲུབ་ཡོད།སྲོལ་རྒྱུན་གྱི་རྩོམ་རིག་གཞུང་ལུགས་ལྟར་ན། མི་སྣའི་སྣང་བརྙན་དེ་གཏམ་རྒྱུད་ཁྲོད་ཀྱི་གཏམ་བརྗོད་དང་ཁོར་ཡུག་བཀོད་འབྲི། ཀྱག་ཀྱོག་གི་བྱུང་རིམ། མི་སྣ་ཕལ་བ་དག་བརྒྱུད་ནས་དོད་དགོས་པ་ཡིན་ཟེར་ཡང་སྒྲུང་ཐུང་འདི་གཉིས་ཕྱོགས་གང་ནས་བལྟས་ཀྱང་ཆ་རྐྱེན་འདི་དག་དང་ལྡོག་འདུག མི་སྣའི་བར་གྱི་སྐད་ཆ་བཀོད་འབྲི་མེད་ལ་ཁོར་ཡུག་སྤྲོས་སྟངས་སོགས་ཀྱང་ཧ་ཅང་ཉུང་། མི་སྣ་ཕལ་བ་དག་ཕལ་ཆེར་ཚིག་རྐང་གཅིག་གཉིས་ཀྱིས་བསྡུས་ཤིང་། མི་སྣ་དེ་དག་གི་སྣང་བརྙན་ཤར་མར་སྤྲོས་པ་ལས་ཕྲ་ཞིབ་ངང་བཀོད་འབྲི་ཅི་ཡང་བྱས་མེད།

 གཉིས་པ། སྒྱུ་རྩལ་མཚོན་ཐབས།

གཅིག སྤྲོས་བརྗོད་བྱེད་སྟངས།
        བརྩམས་ཆོས་འདི་གཉིས་ཀའི་ཚིག་སྦྱོར་སྤེལ་ལུགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། དེ་ནི་ཡོངས་སུ་ཁྱབ་པའི་སྒྲུང་གཏམ་གྱི་འབྲི་ལུགས་དང་མི་འདྲ་བར་མི་སྣའི་སེམས་འགྱུའི་འགྲོས་དང་བསྟུན་ནས་བྱུང་རིམ་བྱུང་རྒྱལ་ངང་སྤྲོས་ཡོད་པ་ཞིག་རེད། སྒྲུང་གཏམ་གྱི་གཏམ་རྒྱུད་མཚོན་ཐབས་དང་བྱུང་རིམ་སྒྲིག་སྟངས་འདི་ལ་རྟོག་པ་རང་ཡན་པའི(意识流)སྤྲོས་བརྗོད་བྱེད་སྟངས་ཞེས་འབོད་ལ། ཨ་རིའི་རྩོམ་པ་པོ་ཧྥོལ་ཁི་ན(福克纳)སོགས་ཀྱི་བརྩམས་ཆོས་ལས་རྒྱུན་དུ་མཐོང་ཐུབ། དེ་ནི་ཕྱི་དོན་གྱི་དངོས་པོ་ལས་ལྡོག་ཅིང་མི་སྣའི་ཚོར་ཤེས་རང་ཡན་པ་ལས་བློས་བསླངས་ཏེ་མི་སྣ་རང་གིས་རང་ལ་ཆིག་ལབ་རྒྱག་བཞིན་པ་ལྟ་བུའི་ཚིག་གི་སྦྱོར་བ་སྤེལ་ལུགས་ཤིག་རེད། རྟོག་པ་རང་ཡན་པའི་རྗོད་པ་འདི་ཉིད་ནི་སྒྲུང་གཏམ་གསར་མའི⑧(新小说) ཁྱད་ཆོས་ཆེས་ཆེར་ལྡན་པ་ཞིག་རེད། རྟོག་པ་རང་ཡན་པའི་བརྩམས་ཆོས་ཀྱི་ཁྱད་གཤིས་གཙོ་བོ་ནི་སྲོལ་རྒྱུན་སྒྲུང་གཏམ་གྱི་མཛེས་དཔྱོད་ལས་ཡོངས་སུ་བརྒལ་ཞིང་རྩོམ་པ་པོས་བསམ་བཞིན་དུ་མཁྲེགས་ཤིང་གྱོང་བའི་ཐ་སྙད་དང་ཚིག་སྦྱོར་སྐམ་པོས་བཅིངས་ཏེ། ཡིག་རྫོབ་ཆེ་ཞིང་བསྐྱར་ཟློས་མང་བའི་རྗོད་པ་ཤུགས་ཆེར་དོད་པའི་ངང་སྐད་ཆའི་འདེགས་འཇོག་གི་བབ་དོ་མི་མཉམ་པར་བྱས་ཏེ་སྒྱུ་རྩལ་གྱི་བདེན་པ་མངོན་པར་མཚོན་པ་ཞིག་རེད། དེ་ཁྲིན་ཚུན་གྱི་སྒྲུང་གཏམ་ལས་མངོན་ཚུལ་ནི་དཔེར་ན། ཀྲང་སན་ལས་ཀར་འགྲོ་བའི་ལམ་བར་དུ“ནམ་གསལ་ལ་ཉེ། ནམ་གསལ་བ་དེ་སྐད་ཅིག་སྐད་ཅིག་ཙམ་ཡིན་ལ། ནམ་གསལ་བ་ན་ལམ་གློག་དེ་འདྲའི་གསལ་པོ་མིན། ནམ་གསལ་ཐག་ཆོད་དུས་ལམ་གློག་ལས་ཀྱང་གསལ་བར་སྣང་། ནམ་དེ་ལས་ཇེ་གསལ་སོང་ན་ལམ་གློག་གཟིམས་དགོས་ཤིང་། ཉིན་བཞིན་དུ་འདི་ལྟར་བྱ་དགོས། ཀྲང་སན་གྱིས་ཉིན་བཞིན་ལམ་གློག་གཟིམས་འགྲོ་བ་མཐོང་ལ། ནམ་གྱིས་ལམ་གློག་གཟིམས་ཡོད་མེད་ལ་མི་བལྟ་བར་སྐད་ཅིག་སྐད་ཅིག་ངང་གསལ་ཡོང་། ནམ་གསལ་ཐག་ཆོད་དུས་ལམ་གློག་ལས་ཀྱང་གསལ་བར་སྣང” ལྟ་བུ་ཚིག་གི་སྡེབ་མི་ལེགས་ཤིང་སྔ་ཕྱིའི་གྲིམ་ལྷོད་ཉམས་པ་དང་། སྲོལ་རྒྱུན་གྱི་ཚིག་ཉུང་དོན་བསྡུས་པའི་བརྩི་བྱ་སྤངས་ཏེ་སྔ་ཕྱི་བསྐྱར་ཟློས་བྱེད་པའི་སྐད་ཆའི་བབ་འདི་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཁྱབ་འདུག
        སྟག་འབུམ་རྒྱལ་གྱི་རྗོད་པ་དེའང་ཁྲིན་ཚུན་ནང་བཞིན་ཚིག་སྦྱོར་བསྐྱར་ཟློས་བྱས་པ་དེ་འདྲའི་ཐལ་ཆེ་བ་ཞིག་མ་ཡིན་མོད་ཡེ་ནས་མེད་པའང་མ་ཡིན་ཏེ། མཚམས་མཚམས་སུ་བསྐྱར་ཟློས་མང་ཞིང་གཅོད་མཚམས་འཆོལ་བ། ཕལ་སྐད་སོགས་ཀྱིས་ཆེས་ཆེར་བསྲེས་འདུག་པར་སྣང་། དཔེར་ན། “ཕྱི་རོལ་ཏུ་ནམ་གསལ་གྱིན་འདུག ནམ་གསལ་བ་ནི་སྐད་ཅིག་སྐད་ཅིག་རེད། ནམ་གསལ་ནས་ཕྱི་རོལ་གྱི་ཁོར་ཡུག་ཡོངས་རྫོགས་རིམ་བཞིན་མིག་ལམ་དུ་མངོན་བྱུང་། དེ་ནི་ཡོལ་བ་ནག་པོ་ཞིག་དལ་གྱིས་ཕྱེ་བ་དང་ཡང་ཧ་ཅང་མཚུངས་པར་སྣང” ལྟ་བུ་སོགས་ནི་རྟོག་པ་རང་ཡན་པའི་སྦྱོར་ལུགས་རང་མཚན་པ་ལྷུར་བླངས་པའི་དཔང་རྟགས་སུ་ཟད། རྟོག་པ་རང་ཡན་པའི་རྩོམ་སྟངས་དེས་རང་རང་གི་འདོད་བློ་གཞིར་བཟུང་སྟེ་རང་གིས་དོ་སྣང་བྱེད་པའི་ཕྱོགས་དེ་བདམས་ཤིང་མི་སྣའི་འཇིག་རྟེན་དུ་སྒྲུབ་ཆོག་པ་དང་། དེ་བས་རྩོམ་པ་པོས་མི་སྣའི་རྟོག་པའི་འཇིག་རྟེན་དུ་ཟབ་འཇུག་གི་སྒོ་ནས་རྟོག་པ་རང་ཡན་པའི་ཁམས་ཀྱི་བཀོད་པ་དང་བསྟུན་སེམས་ཁམས་མཐིལ་རྟོགས་དང་འབྲི་འགོད་བྱ་རྒྱུར་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་ནོ། །

གཉིས། བྱུང་རིམ་སྒྲིག་སྟངས།
        སྒྲུང་གཏམ་འདི་གཉིས་སུ་མི་སྣ་གཙོ་བོ་ལ་འབོད་པའི་ཐ་སྙད་གསུམ་པ“ཁོ”སྦྱར་ཏེ་མི་སྣའི་སེམས་ཁམས་ཀྱི་འདུ་འགོད་ལྟེ་བར་བཟུང་ནས། བྱུང་རིམ་བཀོད་སྒྲིག་ནི་གོང་ནས་བཤད་པ་ལྟར་མི་སྣའི་ཁ་རུ་ཁ་ཐུག་གི་ཚོར་འདུ་དང་སེམས་བྱུང་སྐད་ཅིག་མ་ལས་རིམ་པར་བསྐྱེད་པ་ཞིག་རེད། དེ་བས་མི་སྣའི་སེམས་ཁམས་རང་ཡན་པ་ལྟེ་བར་བྱས་ནས་ཕྱོགས་སོ་སོར་མཆེད་པའི་བྱུང་རིམ་སྤྲོས་སྟངས་འདི་ཉིད་སྡོམ་རྒྱའི་ཚུལ་དུ་མངོན་པས་“དྲ་གཟུགས་ཀྱི་སྒྲིག་གཞི” ⑨རུ་འབོད། དེ་ཧྥོ་ཁུ་ན་ཚབ་མཚོན་ཏུ་བྱས་པའི་རྟོག་པ་རང་ཡན་པའི་གྲུབ་མཐའ་འདིའི་སྤྲོས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན། སྒྲུང་གཏམ་གཉིས་ཀྱི་སྤྲོས་བརྗོད་བྱེད་སྟངས་ཁྱད་པར་བ་དེས་ནང་དོན་ལས་ཕྱིའི་རྣམ་པ་འབུར་དུ་དོད་ཡོད་པས་འདི་གཉིས་སྒྲིག་གཞི་དང་རྣམ་པ་གཙོར་བཏོན་པའི་སྒྲུང་གཏམ་གྱི་རིགས་སུ་གཏོགས་སྙམ།
        རྩོམ་པ་པོ་གཉིས་ཀྱིས་མི་ཞིག་གི་མི་ཚེ་གཅིག་གི་དུས་ཡུན་ཧ་ཅང་བསྡུས་བརྗོད་ཅན་གྱི་སྒོ་ནས་ཉིན་གཅིག་ཏུ་བསྐྱུངས་པ་དེ་ནི་སྒྱུ་རྩལ་མཚོན་ཐབས་ཁྱད་པར་བ་ཞིག་དང་། སྤྱིར་ན་དེ་ནི་དངོས་ཡོད་ཀྱི་འཚོ་བའི་གཏན་ཚིགས་དང་འགལ་ལ། རང་བྱུང་གི་དུས་ཚོད་ཀྱི་གཏན་ཚིགས་དང་ཡང་འགལ་བ་ཞིག་ཡིན་མོད། ཡིན་ཡང་སྒྲུང་གཏམ་གཉིས་སུ་རྟོག་པས་རྣམ་པར་བཏགས་པའི་འུད་བརྗོད་དང་དྲིལ་བསྡུས་ཀྱི་སྒོ་ནས་མཚོན་པས་བསམ་བློའི་རྔམས་ཁ་མཐུག་པོར་བཏང་ཞིང་སྒྱུ་རྩལ་གྱི་བདེན་པ་ཆེས་ཆེར་ཐོན་ཡོད། དེ་བས་ཉིན་གཅིག་བྱ་བར་གཏམ་རྒྱུད་ཀྱི་རང་བྱུང་གི་དུས་ཚོད་དང་རྩོམ་པ་པོའི་རྟོག་བཟོའི་དུས་ཚོད་དེ་གཉིས་ཡོད།《ཉིན་གཅིག་གི་ཆོ་འཕྲུལ》དུ་མི་སྣ་གཙོ་བོ་གཡང་འབུམ་ཞོགས་པར་མལ་ལས་ལངས་དུས་བྱིས་པ་ཞིག་དང་ལུག་རྫིར་འགྲོ་སྐབས་གཞོན་ནུ་ཞིག་ཡིན་ལ། རི་མགོར་ཕྱིན་རྗེས་རིམ་བཞིན་རྒ་བར་གྱུར་ནས་ཕྱི་དྲོར་ཁྱིམ་ལ་ལོག་དུས་རྒས་འཁོགས་སུ་གྱུར་འདུག དེ་བཞིན་དུ《ཉིན་གཅིག》ཏུའང་བྱུང་རིམ་གྱི་ཁུགས་སོ་རེ་རེར་མི་སྣ་གཙོ་བོའི་ཉིན་གཅིག་གི་བྱ་བའི་དངོས་བྱུང་དུས་ཚོད་དང་རྩོམ་པ་པོའི་སྒྱུ་རྩལ་གྱི་ཀུན་རྟོག་རྣམ་པར་གསལ་བའི་དུས་ཚོད་གཉིས་མངོན་ལྐོག་གཉིས་ཀྱི་རྣམ་པར་བསྣོལ་འདུག་པ་དང་། དེར་སུའུ་ལེན་གྱི་རྩོམ་པ་པ་པོ་ཨཱེ་ཐུར་མཱ་ཐོ་ཧྥུ་ཡི་ཤན་ཐེབས་ཡོད་ཚུལ་གླེང་ཡང་འདིར་ཞིབ་ཏུ་མ་སྤྲོས། འདི་ལས་སྒྲུང་གཏམ་གྱི་རྩོམ་རིག་སྒྱུ་རྩལ་ཟེར་བ་དེ་མཐར་གཏུགས་ན་ཕྱི་དོན་གྱི་དུས་ཚོད་ལ་ཁ་ལོ་བསྒྱུར་བའི་སྒྱུ་རྩལ་ཞིག་ཏུ་འཁུམས་ལ། དེས་ན་སྲོལ་རྒྱུན་གྱི་དངོས་ཡོད་རང་ལུགས་ལས་ཡོངས་སུ་བརྒལ་ཏེ་རང་བྱུང་གི་དུས་ཚོད་ལ་བརྩི་སྲུང་མ་བྱས་པར། ཞོགས་པ་ནས་སྲོད་ཁའི་བར་གྱི་དུས་ཡུན་ཁྲོད་དུ་མི་ཚེ་ཧྲིལ་པོ་བརྗོད་པར་བྱས་པ་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་སྒྱུ་རྩལ་ཁྲོད་རྩོམ་པ་པོས་དུས་ཚོད་ལ་རང་དབང་གིས་ཁ་ལོ་བསྒྱུར་ཅིང་འདྲ་གཏུབ་བྱས་པའི་རྩོམ་ཚུལ་རེད། དུས་ཀྱི་རང་བྱུང་གི་གོ་རིམ་གཏོར་ནས་བྱུང་རིམ་ཉུང་བསྡུས་སྒོས་མཐུད་སྦྱོར་བྱེད་སྟངས་འདི་ནི་སྐད་གྲགས་ཆོད་པའི་མོན་ཐ་གྷི⑩(蒙太奇) མཚོན་ཐབས་ཞེས་པ་དེ་ཡིན། དེ་ནི་གློག་བརྙན་སོགས་སྒྱུ་རྩལ་ཁྲོད་ཀྱི་མཚོན་ཐབས་གལ་ཆེན་ཞིག་ཡིན་ནོ། །

  གསུམ་པ། བསམ་བློའི་མཚོན་དོན།

གཅིག དངོས་དགག
        སྔོན་ནས་གླེང་ཟིན་པ་ཇི་བཞིན་སྒྲུང་གཏམ་འདི་གཉིས་སུ་སྒྱུ་འཕྲུལ་དངོས་ཡོད་རང་ལུགས་ཀྱི་རྩོམ་སྟངས་སྤྱད་འདུག་པ་དང་། སྒྲུང་གཏམ་ཁྲོད་ཀྱི་ཡུལ་ཁོར་ཡུག་དང་ཡུལ་ཅན་མི་སྣ་ལ་སྒྲོ་སྐུར་མེད་པས་དངོས་ཡོད་ཀྱི་ཆ་རིས་སུ་ཐོན་ཞིང་བདེན་ཁ་ཆེ་ལ། བྱུང་རིམ་འདུ་འགོད་ནི་དེ་ལས་ལྡོག་སྟེ་ཆོ་འཕྲུལ་གྱི་ཆ་ལྷང་ངེར་ཐོན་འདུག རྩོམ་པ་པོ་གཉིས་ཀྱིས་རྒྱབ་ལྗོངས་དང་རིག་གནས་མི་འདྲ་བའི་སོ་སོའི་སྤྱི་ཚོགས་སུ་བག་འཁུམ་ཞིང་འཁོས་ཆུང་བ། འགྱུར་བ་མེད་པ་དང་འཕེལ་རྒྱས་བྲལ་བའི་འཚོ་བའི་གནས་སྟངས་ཆ་འདྲ་བ་ཞིག་ལ་རྣག་ཐོག་ཁབ་གཙག་བྱས་ཤིང་། དེ་མ་ཟད་སྒྲུང་གཏམ་གཉིས་སུ་སྤྲོས་བརྗོད་ཐབས་ཤེས་དང་སྒྲིག་གཞི་འདུ་འགོད་སོགས་རྣམ་པའི་སྟེང་ནས་སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་རྩོམ་སྟངས་ལས་ལོགས་སུ་བྱུང་ཡོད་པས་དེ་ནི་སྲོལ་རྒྱུན་གྱི་རྩོམ་སྟངས་ལ་དགག་བཞག་གི་མདུང་རྩེ་སྤྲོད་པའི་མཚོན་རྟགས་ཤིག་ཀྱང་རེད། དེས་ན་སྒྲུང་གཏམ་གཉིས་སུ་དངོས་ཡོད་ཀྱི་འབྲི་ཐབས་སྤྱད་དེ་དངོས་ཡོད་ལ་དགག་པའི་བསམ་བློ་འདི་ཉིད་ཁྱད་ཆོས་གཙོ་བོ་ཞིག་ཏུ་མཐོང་ངོ་། །
        སྔ་མོར་མལ་ལས་ལངས་ནས་ཟས་ཟོས་རྗེས་ལུག་རྫིར་འགྲོ་ཞིང་། ཕྱི་དྲོར་རང་ཁྱིམ་དུ་ལོག་ནས་མལ་སར་ཉལ་བ་དེ་ནི་གཡང་འབུམ་གྱི་ཉིན་གཅིག་གི་བྱ་བ་ཡིན་ལ་ཚེ་གཅིག་གི་བསྡུས་གཟུགས་སུའང་ཟད། ཁོའི་མི་ཚེའི་བཞུད་ལམ་དེར་འགྱུར་བ་མེད་པ་དང་ཁོ་རང་ཉིད་ཀྱང་འཚོ་སྟངས་དེར་ཉམ་ཆུང་ངང་ཞུགས་ཤིང་དེ་ལས་ཐར་འདོད་པའི་ནུས་པ་དང་བློ་ཕུགས་ཀྱང་ཡོད་མ་ཡིན། ཡར་རྒྱས་མེད་པར་རྒྱུན་འཇགས་ངང་རོལ་བའི་འཚོ་བ་དེ་གཡང་འབུམ་གྱི་ཨ་ཕ་ལས་བརྒྱུད་ཅིང་། གཡང་འབུམ་རྒས་ཚར་དུས་སླར་ཡང་རང་གི་བུའི་མགོ་ཐོག་ཏུ་བབས་ཤིང་བགོས་སྐལ་ལྟ་བུར་གྱུར་པའི་བསྐྱར་ཟློས་ཀྱི་སྣང་ཚུལ་དེར་སྟག་འབུམ་རྒྱལ་གྱིས་ཤུགས་དྲག་པའི་སྒོ་ནས་སུན་འབྱིན་བྱས་ཤིང་། མི་རབས་ནས་མི་རབས་བར་མེས་པོ་ཚོའི་བཞུད་ལམ་ལ་ལད་འགྲོས་ཁོ་ན་བྱེད་པ་ལས་རང་གི་ནུས་སྟོབས་ལ་བརྟེན་ནས་གསར་གཏོད་བྱེད་པའི་འདུན་པ་བྲལ་ཞིང་འདོད་ཆུང་དང་སོས་དལ་ངང་མི་ཚེ་མཐའ་སྐྱེལ་བའི་མི་རིགས་འདིའི་ངང་ཐུང་བློ་དོག་གི་བསམ་བློའི་ཆ་ལ་མཛུབ་མོ་ཀེར་ཡོད། དེ་བཞིན་དུ་《ཉིན་གཅིག》ལས་ཀྲང་སན་ལྟ་བུར་ཟས་གོས་གནས་མལ་ཉི་ཚེ་བའི་ཁྲོད་མི་རབས་ནས་མི་རབས་བཞིན་ཆོ་མེད་པའི་འཚོ་གཞི་ཉག་ཅིག་ལས་ཟད་ཅིང་། ཕུགས་བསམ་གྱི་མཆེད་སྟོབས་དང་ཚེ་སྲོག་ལ་མཆོང་སྐྱོད་བྲལ་བའི་དེང་རབས་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་གསལ་རྗེན་དུ་བསྟན་པ་དང་། སྤྱི་འགྲོས་ལྟ་བུའི་འཚོ་བའི་སྒྲོམ་གཞི་དེ་འབྱུང་སའི་ས་བོན། དེ་ལས་འབྱོལ་མི་ནུས་པའི་མི་ཐམས་ཅད་ནི་ཁྲིན་ཚུན་གྱི་དགག་བྱའི་ཡུལ་དུ་ངེས་སོ། ། མི་སྣ་འདི་གཉིས་སྟེང་གི་བསྐྱར་ཟློས་དང་ཐེར་ཟུག རང་གི་ལས་དབང་ལ་ཁ་ལོ་བསྒྱུར་ཐབས་བྲལ་བའི་ཁྱད་གཤིས་སོགས་ནི་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་གྷ་མོའུ(加缪)ཡི་སྒྲུང་གཏམ་ཁྲོད་ཀྱི་ཟི་ཟི་ཧྥའི(西西佛)སྣང་བརྙན་དང་ཧ་ཅང་ཆ་མཚུངས་ཤིང་མཐར་དེད་ན་དེ་ཉིད་མི་སྣ་འདི་གཉིས་ཀྱི་མ་དཔེ་རུ་སྣང་ལ། གྷ་མོའུ་ཡི་བརྩམས་ཆོས་ཁྲོད་ཀྱི་ལོག་གེ་བའི་ཆ(非理性)དང་ཡ་མ་བརླ(荒诞)སོགས་ཀྱི་ཆའང་སྒྲུང་གཏམ་གཉིས་སུ་ལྷུར་ལེན་བྱས་པ་མངོན་གསལ་ཡིན།

གཉིས། ཟུར་ཟ།
        སྒྲུང་གཏམ་འདི་གཉིས་སུ་ཟུར་ཟའི་མཚོན་ཐབས་སྤྱད་ཚད་ཤིན་ཏུ་མང་བ་དང་། ལྷག་པར་དུ་གོང་ནས་བརྗོད་པ་ལྟར་རྟོག་པ་རང་ཡན་པའི་ཚིག་གི་སྦྱོར་བ་ཡིས་མི་སྣའི་སེམས་ཁམས་ཀྱི་འདུ་འགོད་གཙོར་བཟུང་བས་གཡང་འབུམ་དང་ཀྲང་སན་གཉིས་ཀྱི་འདོད་ཆུང་བློ་དོག་གི་རང་གཤིས་གསལ་རྗེན་དུ་མངོན་ཞིང་། མི་སྣ་གཉིས་ཀྱི་སྣང་བརྙན་དེ་བསམ་བཞིན་རབ་རིབ་དང་མག་མོག་ཅིག་ཏུ་གཏོང་དོན་ཡང་མི་སྣ་དཀྱུས་མ་འདི་གཉིས་ཀྱི་སྤྱི་བམ་པའི་ཁྱད་གཤིས་དེར་ཟུར་ཟ་བྱེད་སྟངས་ཤིག་ཀྱང་ཡིན། མི་སྣ་འདི་གཉིས་སྟེང་ནས་ཚོགས་པ་སྤྱི་ཞིག་གི་སྣང་བརྙན་ལས་མི་བུ་སྒེར་གྱི་ཐུན་མིན་གྱི་ཆ་མི་མཐོང་ཞིང་། དེ་ནི་མི་སྣ་གཉིས་ལ་བཏགས་པའི་གཡང་འབུམ་དང་ཀྲང་སན་ཞེས་པའི་ཆེས་སྤྱིར་བཏང་བའི་མིང་དེ་ལས་ཀྱང་མཐོང་ནུས། དེ་བས་གཡང་འབུམ་ནི་བོད་སྤྱི་ཚོགས་ནང་གི་ཟི་ཟི་ཧྥེ་དང་ཀྲང་སན་ནི་དེང་རབས་སྤྱི་ཚོགས་ནང་གིའོ། །

        “བག་ལེབ་ཇ་བསྒྲེས་མ”དང“ཉ་ཤ་ཚྭ་བླུག་མ”ནི་གཡང་འབུམ་དང་ཀྲང་སན་གཉིས་ཀྱིས་ཟ་བར་སྤྲོ་བའི་ཟས་རིགས་གཉིས་ཡིན་ལ་དེ་ནི་ཁོ་གཉིས་ཀའི་ཚེ་གང་པོའི་འདོད་པ་ཉག་ཅིག་ཀྱང་ཡིན། སྟག་འབུམ་རྒྱལ་གྱིས་འདི་འདྲའི་འདོད་ཆུང་གི་རང་གཤིས་ལ་ཐེར་འདོན་བྱས་ཤིང་། བོད་འབྲོག་ཁུལ་གྱི་རང་ཁ་རང་གསོའི་ཆིག་རྐྱང་གི་དཔལ་འབྱོར་སྒྲིག་སྟངས་ལས་ལུག་རྫིར་འགྲོ་བའི་ལས་ཕུད་གཉིད་ལོག་པ་དང་ཟས་སྤྱོད་པའི་དགོས་འདོད་ཁོ་ནར་ཟད་པའི་འབྲོག་པའི་འཚོ་བ་དེའི་ཐབས་ཆག་གི་རྣམ་པ་ཟུར་ཟའི་ལམ་ནས་མཚོན་པ་བརྒྱུད། ཤུགས་སུ་རྩོམ་པ་པོའི་སེམས་ན་བག་ལ་ཞ་བའི་ཁག་ཁུར་དང་ཉེན་ཚབ་ཀྱི་བརྩེ་དུང་དེའང་མཚོན་ཡོད། དེ་ནི་ཕུགས་བསམ་སྟོང་ཞིང་ཡར་སྐྱེད་མེད་པའི་འཚོ་སྟངས་དེ་ལས་ཐར་ཏེ་འགྲན་རྩོད་དང་དཀའ་བ་གདོང་གིས་བསུས་ནས་དཔའ་མི་ཞུམ་ཞིང་སྙིང་སྟོབས་ཆེར་བསྐྱེད་དེ་ཚེ་སྲོག་གི་རླབས་ཆེ་བའི་དོན་སྙིང་ལ་འཚོལ་རྟོག་དང་བོད་ཀྱི་སྤྱི་ཚོགས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དེ་ཡིན། 《ཉིན་གཅིག》ཏུ་“འཆི་བཞིན་པ་ལྟར་གསོན་པ” ཡི་བཟོ་ལས་པ་ཀྲང་སན་བརྒྱུད་ནས་ཕྱི་ཡི་ཟས་གོས་གནས་མལ་ཁོ་ནའི་དོན་དུ་བྱོལ་སོང་བཞིན་འཚོ་ཞིང་ནང་བསམ་བློའི་ཆ་ནས་བརྩོན་ལེན་ཅི་ཡང་མེད་པ་དང་། མི་ཚེ་ལ་འཕོ་འགྱུར་ཅི་ཡང་འབྱུང་རྒྱུ་མེད་པར་ཞི་བག་ངང་མཐར་སྐྱེལ་བའི་མི་ཕལ་བ་དག་གི་ལས་དབང་ནི་ཁྲིན་ཚུན་གྱི་གདུང་འབོད་བྱ་ཡུལ་དང་ཟུར་ཟ་བྱ་ཡུལ་གཉིས་སུ་གྱུར་ཡོད།གཞན་སྒྲུང་གཏམ་ལས་མི་སྣ་གཉིས་ཀྱི་གསོན་ཤུགས་དང་ཚོན་མདངས་བྲལ་བའི་རང་གཤིས་དེ་སྲོག་མེད་ཀྱི་དངོས་པོ་དང་གཤིབ་བསྡུར་ཁྲོད་ཟུར་ཟའི་ཆ་ལྷག་ཏུ་མངོན་ཡོང་།དེ་དཔེར་ན། གཡང་འབུམ་གྱིས་ཟངས་དེམ་གྱི་ཤུགས་གླུར་ཉན་པའི་རྣམ་པ་དང《ཉིན་གཅིག》ཏུ་ཀྲང་སན་གྱིས་གློག་འཁོར་ལ་ལྟ་བ་སོགས་ཀྱི་བཀོད་འབྲི་ལས་གསལ་ལེར་མངོན་ཡོད་དོ། །
        བཞི་བ། སྒྲུང་གཏམ་གཉིས་ཀྱི་མི་འདྲ་བའི་ཆ།

        སླར《ཉིན་གཅིག་གི་ཆོ་འཕྲུལ》དང《ཉིན་གཅིག》ཅེས་པའི་སྒྲུང་གཏམ་འདི་གཉིས་ཀྱི་ཁ་བྱང་གདགས་སྟངས་ཡང་ཕལ་ཆེར་འདྲ་ལ། སྟག་འབུམ་རྒྱལ་གྱིས“ཆོ་འཕྲུལ”ཞེས་ཡིག་འབྲུ་གཉིས་ཟུར་དུ་བསྣན་པ་དེ་གཙོ་བོ་དུས་ཚོད་མཚོན་ཐབས་དེ་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དེ་ཉིད་ཤུགས་དོད་ཆེད་ཡིན་པར་སྙམ། བརྩམས་ཆོས་གཉིས་སུ་བརྗོད་བྱ་རྗོད་བྱེད་ཕྱོགས་གཉིས་ནས་དངོས་ཡོད་བརྗོད་པའི་ཁར་ལོག་གེ་བ་དང་ཡ་མ་བརླ། ཟུར་ཟ། རྟོག་པ་རང་ཡན་པ་སོགས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དག་མངོན་པར་གསལ་ཞིང་།ལྷག་པར་དུ་བྱུང་རིམ་སྒྲིག་སྟངས་དང་དུས་ཚོད་ཧ་ཅང་བསྡུས་པར་བརྗོད་སྟངས་དེ་ཉིད་དངོས་ཡོད་ཁོ་ནའི་རྣམ་པ་ལས་བརྒལ་ཞིང་ཆོ་འཕྲུལ་གྱི་རང་བཞིན་ཅི་དགར་ཐོན་ཡོད་ལ། 《ཉིན་གཅིག་གི་ཆོ་འཕྲུལ》ནི་བོད་ཀྱི་རིག་གནས་ཁོར་ཡུག་དམིགས་བསལ་བ་ལ་སྦྱར་ནས་བརྗོད་པ་ཞིག་ཡིན་པས་ཕྱི་མ་ལས་ཀྱང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དམིགས་སུ་ཐོན་པ་ཞིག་ཏུ་ངེས་སེམས། དཔེར་ན་གཡང་འབུམ་རྒས་དུས་བྱིས་པ་ལུག་རྫི་ཚོར《རི་བོང་དང་ཨ་མ་དྲེད་མོང》 དང《སྤྱང་ཀིས་རྟ་རྒན་འདམ་ལས་བླངས་པ》སོགས་ཀྱི་གནའ་གཏམ་བཤད་ཚུལ་དང་། “བྱང་ཆུབ་སེམས་དཔའ།” “དམྱལ་བ།” “དག་ཞིང”སོགས་ཀྱི་ཐ་སྙད་དག་སྦྱར་བ་དེས་དག་སྣང་ལས་བྱུང་བའི་འཇིག་རྟེན་ཞིག་གི་ཡིད་བརྙན་ངང་གིས་གྲུབ་ཡོད།
        ཟེ་ཟེ་ཧྥི་ལ་ཕ་བོང་གྱེན་ལ་འདྲེན་པ་ལས་རང་དབང་དང་གདམ་གསེས་གང་ཡང་མེད་པ་ཇི་བཞིན་གཡང་འབུམ་གྱིས་ལུག་འཚོ་བ་དང་། ཀྲང་སན་གྱིས་བཟོ་ལས་བྱེད་རྒྱུ་ལས་རང་དབང་དང་གདམ་གསེས་གཞན་ཡོད་མ་ཡིན། དེ་བས་མི་སྣ་གཉིས་ཀྱི་ལས་དབང་དེ་མུ་མཐའ་མེད་པའི་བསྐྱར་ཟློས་ཀྱི་སྒོར་ཐིག་ཅིག་ཡིན་འདུག ཁྲིན་ཚུན་གྱིས་བསྐྱར་ཟློས་དེ་དེང་རབས་མི་ཡི་སྤྱིའི་བདེ་སྡུག་དང་ལས་དབང་ལ་དམིགས་པ་གཏད་དེ་རྩོམ་རིག་བསམ་བློའི་གཞུང་བསྲིངས་པའི་ཚུལ་དུ་སྣང་ལ། ཡང་ན་ཀྲང་སན་དེ་ཉིད་དེང་རབས་སྤྱི་ཚོགས་ཀྱི་མི་བུ་ཕལ་བ་མང་ཤས་ཀྱི་བསྡུས་གཟུགས་ཡིན་པ་དང་།འཇིག་རྟེན་ནི་ཐ་དད་པས་མཛེས་པ་ཡིན་མོད་མི་མང་པོ་ཞིག་འཚོ་ཐབས་ཁོ་ནས་གཅུན་ཞིང་ཐུན་མོང་བའི་སྤྱི་གཤིས་འབའ་ཞིག་ལས་ཐ་དད་པའི་རང་གཤིས་མཐོང་རྒྱུ་མེད་པའི་གནས་ལུགས་བསྟན་ཡོད།དེ་ན་སྟག་འབུམ་རྒྱལ་གྱིས་བོད་བྱེ་བྲག་པའི་སྤྱི་ཚོགས་ཁོ་ན་ལ་ཁ་ཕྱོགས་པས་བརྗོད་བྱ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད། དེ་བཞིན་དུ་ཁྲིན་ཚུན་གྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་ཆེ་གེ་མོ་དེར་རྗེན་འདོན་དང་རྡུང་རྡེག་བྱེད་པ་གཙོར་བཟུང་ལ། སྟག་འབུམ་རྒྱལ་གྱིས་སྣང་ཚུལ་དེར་དྲན་སྐུལ་བྱེད་པ་དང་ཁག་ཁུར་བྱེད་རྒྱུ་གཙོར་བཟུང་ཡོད། དེ་དཔེར་ན《ཉིན་གཅིག་གི་ཆོ་འཕྲུལ》དུ“ནམ་གསལ་ལ་ཉེ”ཞེས་མགོ་བརྩམས་ཤིང་མཇུག་ཏུ“མུན་རུབ་སོང”ཞེས་བསྡུས་པས། སྟག་འབུམ་རྒྱལ་གྱིས་བསམ་བཞིན་བྱུང་རིམ་ཧྲིལ་པོ་གཞི་གཅིག་ཏུ་བསྒྲིལ་ནས་རབ་རྟོག་སྒྱུ་རྩལ་གྱི་ཁྱད་ཆོས་དོད་ཅིང་བློ་འགུགས་ཀྱི་ནུས་པ་ཆེར་བསྐྱེད་འདུག འདི་ཡིས་བསྐྱར་ཟློས་དང་ཐེར་ཟུག་གིས་ཁེངས་པའི་བརྗོད་བྱའི་དོན་དེ་བྱུང་རིམ་བར་མཚམས་སུ་བཅུག་ཅིང་སྒོར་ཐིག་ཅིག་ཏུ་གྲུབ་ཡོད་པར་མ་ཟད། ཉི་མ་ནུབ་རྗེས་ཀྱི་མུན་པ་དང་སྦྱར་ནས་མཇུག་བསྡུས་ཤིང་སྐྱོ་གར་གྱི་རང་བཞིན་ལྡན་པའི་བརྗོད་དོན་གྱི་དཔེ་ལྟ་བུར་སོང་གཤིས་སྐྱོ་གར་གྱི་མཁའ་དབུགས་ཇེ་སྟུག་བཏང་བ་བརྒྱུད་ཡི་མུག་པའི་གནས་བབ་དེ་ལས་ཐར་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་བསྟན་ཏེ་བརྗོད་དོན་གཏིང་ཇེ་ཟབ་ཏུ་བཏང་ཡོད། ཁྲིན་ཚུན་གྱིས་དམིགས་སུ་ཁོར་ཡུག་བཀོད་འབྲི་བྱས་ནས་སྐྱོ་གར་གྱི་ཆ་མཚོན་པར་གདེང་འཇོག་ཆེན་པོ་བྱས་མེད་པ་དང་། ཁོས་གདེང་འཇོག་བྱེད་ས་ནི་རྟོག་པ་རང་ཡན་པའི་སྒྱུ་རྩལ་མཚོན་ཐབས་དེ་ཡིན་ཞིང་། བསྐྱར་ཟློས་ཀྱི་རྗོད་པ་ཁྱད་པར་བ་ལ་བརྟེན་ནས་གཏམ་རྒྱུད་ལྷུག་པོར་གློད་ཅིང་བྱུང་རིམ་མཐུད་དེ་མི་སྣ་བཞེངས་ནས་སྒྲུང་གཏམ་གྱི་ལས་རིམ་དག་རང་བྱུང་གིས་ཐོན་ཞིང་སྒྱུ་རྩལ་གྱི་བདེན་པས་ཆེས་ཆེར་ཕྱུག་གོ། །དེ་ལས་རྩོམ་པ་པོ་ཉིད་གྲུབ་མཐའ་འདིའི་རྩོམ་རིག་གི་སྒྱུ་རྩལ་ལ་བློ་སྦྱོང་གཏིང་ཟབ་མོ་ཞིག་ཡོད་པ་མཐོང་ཐུབ། དེ་ལས་ལྡོག་སྟེ་སྟག་འབུམ་རྒྱལ་གྱི་ཚིག་གི་སྦྱོར་ལུགས་དེ་ལ་བཙན་སྦྱོར་གྱི་བསླད་སྐྱོན་ཅུང་ཡོད་པར་འདོད་ལ། མཚམས་མཚམས་སུ་ཁོས“ཁོ་ནར་སོན་པ”དང་། “ཨ་མ་ཚེ་ལས་འདས་རྗེས།” “མི་ན་ཚོད་འདིར་ཐོན་དུས”ལྟ་བུར་བྱུང་རིམ་མཐུད་བྱེད་དུ་ཟུར་འགྲེལ་མང་པོ་བྱས་པ་དེ་དག་དགོས་མེད་དུ་སྣང་ལ་དེས་རྩོམ་རིག་གི་སྒྱུ་རྩལ་གྱི་ཉམས་ཇེ་ཞན་དུ་བཏང་འདུག གཞན་སྟག་འབུམ་རྒྱལ་གྱིས་ཁྲིན་ཚུན་ནང་བཞིན་རྟོག་པ་རང་ཡན་པའི་སྐད་ཆས་ཕྱུག་ཅིང་། ཐ་སྙད་རེངས་པོ་དང་རྗོད་པ་མཁྲེགས་པོ། སྦྱོར་བ་ལྡབ་ལྡིབ་མང་པོས་སྤྲས་མེད་པས་རྟོག་པ་རང་ཡན་པའི་དོན་བརྗོད་ཀྱི་ཁྱད་ཆོས་མཐར་སོན་པ་ཞིག་བྱུང་མེད་ལ། དེའི་རྐྱེན་གྱིས་བྱུང་རིམ་གྱི་མཐུད་སྦྱོར་དེའང་ཧ་ཅང་ཚགས་དམ་པོ་ཞིག་འཁྱོངས་མེད་འདོད།
        ཡང་མི་སྣ་བཀོད་སྒྲིག་ཐད་མི་སྣའི་གྲངས་ཀ་དང་གནས་སྟངས་སོགས་འདྲ་བར་སྣང་མོད། མི་འདྲ་ས་ཉག་ཅིག་ནི་སྟག་འབུམ་རྒྱལ་གྱིས་གཡང་འཚོ་ཟེར་བ་ཞིག་ཞོར་དུ་གླེང་ཡོད་པ་དང་། གཡང་འཚོ་ཐག་རིང་ལ་བག་མར་བྱིན་པ་སོགས་ལས་ཞར་ཞོར་དུ་བོད་སྤྱི་ཚོགས་སུ་སྣང་བའི་གཉེན་དོན་བཙན་སྒྲིག་དང་།བརྩེ་དུང་ལ་རང་དབང་བྲལ་བ་སོགས་ཀྱི་གནས་ཚུལ་ལ་ཡང་མཛུབ་མོ་རི་སྟོན་བྱས་འདུག་གོ། །

མཆན་འགྲེལ་དང་དཔྱད་ཡིག

① “བག་ལེབ་ཇ་བསྒྲེས་མ”དང“ཉ་ཤ་ཚྭ་བླུག་མ”(咸带鱼)ནི་སྒྲུང་གཏམ་གཉིས་ཀྱི་མི་སྣ་གཙོ་བོ་གཡང་འབུམ་དང་ཀྲང་སན་གཉིས་ཆེས་བཟའ་བར་སྤྲོ་བའི་ཟས་སྣ་གཉིས་ཡིན་ལ། མི་སྣ་གཉིས་ཀྱི་ཚེ་གང་པོའི་རེ་འདོད་ཉག་ཅིག་ཀྱང་ཡིན་ནོ། །
②སྟག་འབུམ་རྒྱལ།《ཉིན་གཅིག་གི་ཆོ་འཕྲུལ》[J]《གངས་རྒྱན་མེ་ཏོག》1990ལོའི་དེབ་གཉིས་པ།
③陈村著:《一天》[J],上海文学,1985年第10期
④ཁྲིན་ཚུན(陈村,1954-)ཀྲུང་གོའི་དེང་རབས་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན། བརྩམས་ཆོས་ལ་སྒྲུང་རིང《མེ་ཏོག》(《鲜花》)དང་སྒྲུང་ཐུང་ཕྱོགས་སྒྲིག《རྒྱལ་མོ་རྔུལ་ཆུ་བགྲོད་པ》(《走通大渡河》)སོགས་ཡོད་དོ། །
⑤钦基慈·艾特玛托夫著,张会森等译:《一日长于百年》[M],新华出版社,1983年4月 སྒྲུང་རིང་འདིར་མི་སྣ་གཙོ་བོ་དབྱི་ཇི་ཀེར(叶吉盖)གྱི་ཉིན་གཅིག་ནང་གི་བསམ་སྦྱོར་བྲིས་ཤིང་། ཉིན་གཅིག་ནང་ཁོས་ཆུང་དུས་ནས་རྒས་དུས་ཀྱི་ན་སོའི་རིམ་པ་རིམ་བཞིན་བརྒྱུད་པས་དེ་ནི་ཁོའི་མི་ཚེ་གང་པོའི་བྲིས་གཟུགས་ལྟ་བུར་གྱུར་ཡོད། ཁྲིན་ཚུན་གྱི《ཉིན་གཅིག》ཏུ་མི་སྣའི་ལས་དབང་དང་དུས་ཚོད་བསྡུ་ཐབས་སོགས་གོང་དང་འདྲ་བའི་ཆ་ཤིན་ཏུ་མང་ངོ་། །
⑥童庆炳编:《文学理论教程》[M],高等教育出版社,2008年4月,第193页。
⑦ལེབ་གཟུགས་མི་སྣ(Flat character;平面人物)ནི་སྒྲུང་གཏམ་སོགས་ཀྱི་ཁྲོད་བཞེངས་སྐྲུན་བྱས་པའི་གཤིས་ཀ་དོད་པོ་མེད་པ་དང་འབུར་ཚུགས་མ་ཡིན་པའི་མི་སྣར་གོ་ལ། མི་སྣ་དེ་དག་གི་ནུས་པ་གཅིག་རྐྱང་ཡིན་པ་དང་བཀོད་འབྲིའི་ཆ་ཉུང་ངོ་། །
⑧དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་དྲུག་ཅུ་པའི་ནང་དར་ཆེ་བའི་ཧྥ་རན་སིའི་སྒྲུང་གཏམ་གྱི་གྲུབ་མཐའ་ཞིག་ཡིན།
⑨དྲ་གཟུགས་ཀྱི་སྒྲིག་གཞི(reticular formation;网状结构)ནི་དེང་རབས་སྒྲུང་གཏམ་ལས་རྒྱུན་དུ་སྣང་བའི་བྱུང་རིམ་སྒྲིག་སྟངས་ཤིག་ཡིན། དེས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་གྱི་བཀོད་པ་དང་བྱུང་རིམ་ཇི་བཞིན་སྒྲིག་གཞི་བཀོད་པ་མ་ཡིན་པར་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་རིམ་གྱིས་འཕར་ཞིང་ཕན་ཚུན་བསྣོལ་ནས་དྲ་བའི་རྣམ་པར་གནས་པ་ཞིག་ལ་ཟེར།
[⑩ [美]爱德华·茂莱著:《电影化的想象-作家和电影》[M],邵牧君译,中国电影出版社,1989年,第4页。
སྒྲུང་གཏམ་གསར་མའི་ལུགས་འདི་ལ་སྒྲུང་གཏམ་དགག་པའི་གྲུབ་མཐའང་ཟེར་ཞིང་སྲོལ་རྒྱུན་རྩོམ་སྟངས་ཀྱི་བྱུང་རིམ། མི་སྣ། དུས་ཚོད་བཀོད་སྒྲིག་སོགས་ལ་ཡོངས་སུ་དགག་པར་བྱ་བ་ཞིག་ཡིན།
སྒྲུང་གཏམ་འདི་ཉིད་གྷི་རི་སིའི་ལྷ་སྒྲུང་ཁྲོད་ཀྱི་ཟེ་ཟེ་ཧྥི་ཟི(Sisyphus)མ་དཔེར་བྱས་ནས་བརྩམས་པ་ཞིག་ཡིན་ཞིང་། ཕྱི་མ་དེ་ཉིད་ཀྱི་བྱ་སྤྱོད་ལྷ་ཚོགས་ཀྱི་ཁྲིམས་དང་འགལ་བས་ཁོ་ལ་ཕ་བོང་ཆེན་པོ་ཞིག་རི་རྩེར་འདྲེན་དགོས་པའི་ཁྲིམས་ཆད་བཅད་པ་དང་། ཕ་བོང་དེ་ལྕི་དྲགས་པས་རི་རྩེར་མ་སླེབས་སྔོན་ཕྱིར་འདྲིལ་འགྲོ་བས་ཟེ་ཟེ་ཧྥི་ཟིས་ཚེ་གང་པོར་ཆོ་མེད་པའི་ལས་དེ་བསྐྱར་ཟློས་ངང་དུས་འདའ་བར་བྱེད་པ་ཡིན། གྷ་མོའུ་ཡི་བརྩམས་ཆོས་ཁྲོད་ཀྱི་ཟེ་ཟེ་ཧྥི་དེས་ཕྱིའི་ཁོར་ཡུག་གི་བརྡབ་གསིག་འོག་རང་གི་ཆོ་མེད་པའི་དམིགས་བྱ་དེར་སྤྲོ་བས་འཇུག་པ་དང་མཐར་ཐམས་ཅད་ངལ་བ་འབྲས་མེད་དུ་འགྲོ་བ་ཞིག་ཡིན། [法]加缪著: 《西西弗神话》[M],杜小真译,北京:三联书店出版社,1987年。
柳鸣九,沈志明主编: 《西西弗神话:加缪全集》[M],上海译文出版社,2002年,第111-12页。
ཁྲིན་ཚུན་གྱིས་སྒྲུང་གཏམ་འབྲི་བ་ནི་གསོན་པའི་ཆེད་དུ་ཡིན་ཞེས་གསུངས་མྱོང་། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1