ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བདུན་པ་བསྡུས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རླུང་འཕྲིན་དྲ་བ། སྤེལ་དུས། 08-18


        ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་། ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བདུན་པ་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་གི་ཚབ་མཛད་ནས། ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན་དང་ན་གཞོན་སློབ་མ། རྒྱ་ཆེའི་ཕྱི་སྡོད་ཀྲུང་གོ་བའི་ན་གཞོན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། 
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ལོ་ལྔའི་རིང་ལ། ཏང་གི་མགོ་ཁྲིད་འོག་དང་གུང་གཞོན་ཚོགས་པའི་རོགས་རམ་དང་མཛུབ་སྟོན་འོག རིམ་པ་སོ་སོའི་ན་གཞོན་མཉམ་འབྲེལ་ཚོགས་པ་དང་སློབ་མའི་མཉམ་འབྲེལ་ཚོགས་པས་བཅོས་བསྒྱུར་གང་ལེགས་བྱས་པ་དང་འབད་འཐབ་ཡར་བརྩོན་གྱིས། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མར་མཐུན་སྒྲིལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དུ་བློ་གྲོས་ཀྱི་སྟོབས་ཤུགས་ཕུལ་བ་དང་ལང་ཚོའི་གཟི་མདངས་མངོན་པར་བྱས་ནས། ཏང་གི་ན་གཞོན་བྱ་བ་བཟང་བོར་བསྒྲུབ་པར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། ང་ཚོས་ཕྱོགས་ཡོངས་ནའ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱལ་ཁ་བླངས་ཡོད་ལ། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་བྱེད་པའིི་ལམ་ལ་ཞུགས་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ན་གཞོན་དག་གིས་ཕུགས་བསམ་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ་དང་། བླ་མེད་ཀུན་སྤྱོད་བཟང་བོ་ཆགས་པར་བྱེད་པ། འཇོན་ནུས་བཟང་བོ་ལྡན་པར་བྱེད་པ། གསར་གཏོད་གསར་བསྐྲུན་བྱེད་ཕོད་པ། ཕུགས་འདུན་བརྟན་པོས་དཀའ་སྤྱད་འབད་བརྩོན་བྱས་ཏེ། མི་དམངས་དུང་ཕྱུར་མང་བོ་དང་མཉམ་དུ་འབད་འཐབ་ཁྲོད་ནས་དུས་རབས་གསར་བའི་ལང་ཚོ་གླུ་རུ་ལེན་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་མཉམ་འབྲེལ་ཚོགས་པ་དང་སློབ་མའི་མཉམ་འབྲེལ་ཚོགས་པའི་བྱ་བ་ནི་ཏང་གི་ན་གཞོན་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ན་གཞོན་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ན་གཞོན་མཉམ་འབྲེལ་ཚོགས་པ་དང་སློབ་མའི་མཉམ་འབྲེལ་ཚོགས་པའི་བྱ་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མར་ནུས་པ་ལྡན་པར་བྱེད་པ་དང་འཇོན་ནུས་མངོན་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར། ན་གཞོན་མཉམ་འབྲེལ་ཚོགས་པ་དང་སློབ་མའི་མཉམ་འབྲེལ་ཚོགས་པའི་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས། ན་གཞོན་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། རྒྱ་ཆའི་ན་གཞོན་དང་ན་གཞོན་སློབ་མ་དག་ཏང་གི་རྗེས་སུ་འབྲངས་པ་དང་དུས་རབས་གསར་བར་འབད་འཐབ་བྱེད་པར་རྩ་འཛུགས་དང་སྐུལ་སློང་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གྱིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཞུ་ཚིག་ཕུལ། ཁོ་མོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རང་རྟོགས་ཀྱིས་ན་གཞོན་གྱི་འཚར་ལོངས་འཕེལ་རྒྱས་ཀྱི་དོན་དངོས་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་དངོས་འབེབ་བྱེད་དགོས། རྒྱ་ཆེའི་ན་གཞོན་དག་གིས་ཕུགས་བསམ་འདུ་ཤེས་བརྟན་པོ་དང་འབད་འཐབ་ཀྱིས་ཤེས་བྱར་བརྩོན་པ་པ་དང་། སྤོབས་པས་གསར་གཏོད་བྱེད་པ། བླ་མེད་ཀུན་སྤྱོད་ཆགས་སུ་བཅུག་སྟེ། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། ཧུར་ཐག་སྒོས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་འབད་འཐབ་མཁན་དང་གསར་འབྱེད་མཁན། གཏོང་ཕོད་མཁན་བཅས་སུ་འགྱུར་བར་བྱས་ནས། ལང་ཚོ་དང་རྔུལ་ཆུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་པའི་ལེའུ་འབྲི་བཞེངས་བྱེད་དགོས། 
        ཏེན་ཞོས་ཞང་དང་དབྱང་ཞའོ་ཏུའུ། གོ་ཧྲིན་ཁོན། ཧོང་ཁོན་མེན། ཡུག་ཆོན། ཨེ་ལི་ཀིན་དབྱེ་མེན་པཱ་ཧེ། ཀུའུ་ཧྲིན་ཙུའུ་བཅས་གྲོས་ཚོགས་ལ་ཞུགས། 
        ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧི་ཅོན་ཁི་ཡིས་ཞུ་ཚིག་ཕུལ། ཀྲུང་གོའི་ཚན་རྩལ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོའེ་ཅིན་ཕིན་གྱིས་མི་དམངས་ཚོགས་ཁག་གི་ཚབ་བྱས་ཏེ་ཞུ་ཚིག་ཕུལ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཝང་ཧོང་ཡན་དང་། སྐབས་ཉེར་དྲུག་པའི་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཝང་ཧྲིན་པའོ་གཉིས་ཀྱིས་སོ་སོར་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་སྐབས་ཉེར་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། 
        ཚོགས་མགོ་རྩོམ་པའི་མཛད་སྒོར་ཝང་ཧོང་ཡན་གྱིས་མགོ་འཛིན་བྱས། གྲོས་ཚོགས་དེ་བརྙན་རིས་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་སྤེལ་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོར་ཡན་ལག་ཚོང་ར་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་དང་། གུང་གཞོན་ཚོགས་པ། སློབ་གསོ་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བདུན་པའི་འཐུས་མི། ལས་རིགས་སོ་སོའི་ན་གཞོན་དང་ན་གཞོན་སློབ་མའི་འཐུས་མི་བཅས་མི་སྟོང་གསུམ་ལྷག་མགོ་རྩོམ་པའི་མཛད་སྒོར་ཞུགས། 
        ཐེངས་འདིའི་ཚོགས་ཆེན་ནས་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་དང་རྒྱལ་ཡོངས་སློབ་འབྲེལ་གྱི་ལོ་ལྔའི་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་དང་། ཞིབ་འཇུག་བྱས་ཏེ་མ་འོངས་པའི་ལོ་ལྔའི་བྱ་བའི་ལས་འགན་གཏན་འཁེལ་བྱས། ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་སྒྲིག་ཡིག་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་སྒྲིག་ཡིག་ལ་བཟོ་བཅོས་བྱས་པར་མ་ཟད། ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པའི་ཚོགས་རྟགས་གཏན་འཁེལ་བྱས་པ་དང་། འདེམ་བསྐོ་བྱས་ཏེ་སྐབས་གསར་བའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ཚོགས་པ་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པའི་མགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1