ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-18


        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ8པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ནོར་སྲིད་མ་དངུལ་གྱིས་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཕན་པའི་ལས་དོན་གཏིང་ཟབ་བསྒྲུབ་རྒྱུ་དང་། དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་སྣོན་འགྲོ་རྒྱུའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་དང་། མུ་མཐུད་ངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་ནས། ཁྲོམ་རའི་བྱེད་པོའི་དཀའ་གནད་སེལ་ནས་གོང་འཕེལ་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་བླང་བྱ་བཏོན་པ། དགེ་འོས་སློབ་ཐོན་སློབ་མའི་དགེ་རྒན་གྱི་ཐོབ་ཐང་ངོས་བཟུང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་། དགེ་འོས་སློབ་ཐོན་སློབ་མས་དགེ་རྒན་གྱི་ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བཅས་བྱས་ཡོད།
        གྲོས་ཚོགས་ཐོག དམིགས་བསལ་གྱི་བརྗེ་སྒྱུར་གཏོང་སྤྲོད་སྒྲིག་གཞི་འཛུགས་པ་བརྒྱུད། ཀྲུང་དབྱང་གི་གསར་དུ་སྤར་བའི་ནོར་སྲིད་མ་དངུལ་ཐད་ཀར་གྲོང་ཁྱེར་དང་རྫོང་ཁག་གི་གཞི་རིམ་ནང་འབྱོར་བ་བྱ་རྒྱུ་དང་། ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཕན་པ་བསྐྲུན་རྒྱུ་ནི། བརྟན་པོ་དྲུག་གི་ལས་དོན་ལེགས་པོ་སྒྲུབ་རྒྱུ་དང་། འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ཟླ8པའི་ཟླ་སྟོད་བར་སླེབས་སྐབས། ད་ལོའི་གསར་དུ་སྤར་བའི་སྒོར་དུང་ཕྱུར་ཁྲི2ཀྱི་ནོར་སྲིད་མ་དངུལ་ཁྲོད། སྒོར་དུང་ཕྱུར3000ཁྲལ་འཕྲི་གྲོན་གཅོག་ཐད་བཏང་བ་དང་། ཐད་རྒྱུགས་དོ་དམ་བྱེད་པའི་སྒོར་དུང་ཕྱུར་1ཁྲི་7སྟོང་ཁྲོད། གཏན་འཁེལ་ཟིན་པའི་བསྡུར་ཚད་གཞིར་བཟུང་སྔོན་འཇོག་བྱས་པའི་རིམས་འགོག་དམིགས་བསལ་རྒྱལ་བུན་མ་དངུལ་ཕུད། བརྒྱ་ཆ97.8གྲོང་ཁྱེར་དང་རྫོང་ཁག་ལ་བགོ་འགྲེམས་ཟིན་ཡོད། སྲིད་ཇུས་ལག་བསྟར་བྱས་སྟབས་ཁྲལ་འཕྲི་གྲོན་གཅོག་གི་བྱ་ཐབས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། གཞི་རིམ་གྱི་ནོར་ཤུགས་སྟོབས་ཆེར་ནུས་ལྡན་ཕྱིན་པ། ཁྲོམ་རའི་བྱེད་པོར་རོགས་རམ་དང་། ལས་ཞུགས་བརྟན་པོ་དང་དམངས་འཚོར་འགན་ལེན་བྱེད་པ་སོགས་ཐད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། དཔལ་འབྱོར་སླར་གསོ་རང་བཞིན་གྱི་ཕན་སྣོན་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་བསྟན་ཡོད།
        གྲོས་ཚོགས་ཐོག ལོ་འདི་ཤར་ཚུན། དངུལ་རྩའི་ཚན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་ཁག་ལག་ལེན་བསྟར་བ་དང་། དངུལ་རྩས་ཁྲོམ་རའི་གཙོ་གཟུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་གང་ལེགས་བྱེད་པ། ཚོང་ལས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུའི་རྩ་དོན་གཞིར་བཟུང་། ཁྲལ་ཚད་དམའ་གཏོང་དང་། གྲོན་དངུལ་ཉུང་གཏོང་། བུན་ཡུན་སྣུར་སྲིང་བྱས་ཏེ་མ་དངུལ་དང་སྐྱེད་ཀ་འཇལ་བ་སོགས་ཀྱི་བྱ་ཐབས་བཏོན་པ་བརྒྱུད། མདུན་གྱི་ཟླ་བ7པོ་དེ་དག་ནང་ཁྲོམ་རའི་བྱེད་པོའི་ཁུར་པོ་སྒོར་དུང་ཕྱུར8700ཡང་དུ་བཏང་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། གོམས་སྟབས་རྗེས་མར། ད་དུང་མུ་མཐུད་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་གཏོང་སོགས་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།
        དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་སྔར་བས་མང་བས་སློབ་གསོའི་ལས་དོན་སྒྲུབ་རྒྱུ་དང་། ལས་ཞུགས་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། གྲོས་ཚོགས་ཐོག དགེ་རྒན་གྱི་ལས་རིགས་ཐོབ་ཐང་ཐད་སྔོན་ལ་ལས་གནས་ཐོག་འབྱོར་བ་བྱེད་པ་དང་། དེ་ནས་དཔང་ལེན་རྒྱུགས་སྤྲོད་བྱེད་པའི་དུས་མཚམས་རང་བཞིན་གྱི་བྱ་ཐབས་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མར་དགེ་རྒན་གྱི་ཐོབ་ཐང་ཚད་འཇལ་བྱེད་དགོས་མེད་པར་ངོས་འཛིན་བྱ་རྒྱུའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། དགེ་རྒན་གྱི་སློབ་གསོའི་སློབ་གླིང་འཛུགས་པ་བརྒྱུད་དགེ་འོས་སློབ་མའི་སློབ་ཁྲིད་ནུས་པར་དཔྱད་དཔོག་བྱ་རྒྱུའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོའི་རིགས་ཀྱི་རབ་འབྱམས་པ་དང་དེ་ཡན་གྱི་སློབ་རིམ་བརྒྱུད་མྱོང་བའི་སློབ་ཐོན་སློབ་མ་དང་། གཞུང་གྲོན་གཏོང་བའི་དགེ་འོས་སློབ་མར་དགེ་རྒན་གྱི་ཐོབ་ཐང་དཔྱད་དཔོག་བྱེད་མི་དགོས་པར་ངོས་འཛིན་བྱེད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། དགེ་རྒན་གྱི་སློབ་གསོའི་སློབ་གླིང་གི་སློབ་གཉེར་སྤུས་ཚད་ལ་དཔྱད་དཔོག་བྱེད་པའི་ལས་དོན་སྤེལ་བ་དང་། ཞིབ་དཔྱད་ལོན་པའི་སློབ་གྲྭའི་དགེ་འོས་སློབ་ཐོན་སློབ་མར་དཔྱད་དཔོག་བྱེད་མི་དགོས་པར་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱས་ཏེ། དགེ་འོས་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་། དགེ་རྒན་དཔུང་ཁག་གི་བྱང་ཚད་མཐོར་གཏོང་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1