༄༅།།ཧི་མ་ལ་ཡའི་གསང་བ་སྟེ། མིའི་ཀེང་རུས་ཀྱིས་ཁེངས་པའི་མཚེའུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 08-19



        རྐང་བའི་བརླ་རུས་དང་རྐེད་པའི་རྩིབ་རུས། མཛུབ་མོའི་ཚིགས་རུས་སོགས་མིའི་ཀེང་རུས་ཀྱི་ལྷུ་ལག་ཁྲི་མ་འབུམ་མཚེའུ་ནང་དུ་ཡོད་ཅིང་། མིའི་ཀེང་རུས་ཀྱི་ཆག་དུམ་མང་པོ་མཚེའུ་ཡི་འགྲམ་ངོགས་ན་ཐང་མ་བདལ་བ་བཞིན་ཡོད་པ་འདི་ནི་གློག་བརྙན་དུ་སྣང་བའི་སྒྱུ་འཕྲུལ་ལྟ་བུ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ནུབ་མཚམས་སུ་ཡོད་པའི་མཚེའུ་ཞིག་གི་གནས་ཚུལ་ངོ་མ་ཡིན།

        1942ལོར། ནགས་ཚལ་ལ་སྐོར་ཞིབ་བྱེད་པའི་དམག་མི་སྐོར་ཞིག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་སྨི5000གི་མཚམས་ཀྱི་རོ་སྤུངས་མཚེའུ(RoopkundLake 人骨湖)ཡི་ནང་ན་མིའི་ཀེང་རུས་མང་པོ་ཡོད་ཚུལ་མཐོང་བ་རེད། སྐབས་ཐོག་དེ་ལ། གནས་ཚུལ་དེ་ལས་འཕྲལ་མར་རྩོད་གླེང་ཆེན་པོ་ཞིག་བྱུང་བར་མ་ཟད། ད་དུང་འདས་སོང་གི་ལོ་ངོ60ལྷག་གི་རིང་ལ། “རོ་སྤུངས་མཚེའུ”ཡི་གསང་བ་འདི་འཛམ་གླིང་གི་ཚན་རིག་པ་མང་པོ་ཞིག་གི་ཞིབ་འཇུག་གམ་བསམ་གཞིགས་བྱ་ཡུལ་དུ་གྱུར་ཡོད།

 དམངས་གླུ་རྙིང་བ་ཞིག་གིས“རོ་སྤུངས་མཚེའུ”ཡི་གསང་བ་བརྟོལ་བ།

        “རོ་སྤུངས་མཚེའུ”ཡི་གསང་བ་འདི་བརྟོལ་ཆེད། འཇར་མན་རྒྱལ་ཁབ་ཀྱི་ཧའེ་ཏེལ་པེར་གུ་སློབ་ཆེན་(Heidelberg University 海德堡大学)གྱི་རིག་གནས་མིའི་རིགས་རིག་པའི་མཁས་དབང་ཝེ་ལེམ་སཱ་ཁི་སི(William Sachs 威廉•萨克斯)ཡིས་རྒྱལ་ཁབ་མང་པོ་ཞིག་གི་ཚན་རིག་པ་ཚོ་ཁྲིད་དེ་མཐོ་སྒང་གི་མཚེའུ་འདིའི་ཁར་སླེབས་པ་དང་། ཁོང་ཚོས་ཀེང་རུས་ལ་ཞིབ་འཇུག་གཏིང་ཟབ་བྱས་རྗེས། མི་འདི་འདྲའི་མང་པོ་ཞིག་ཤི་བའི་རྒྱུ་རྐྱེན་ནི་ལོ་རྒྱུས་ཐོག་ཏུ་གཞི་རྒྱ་ཆེས་ཆེ་བའི་སེར་བའི་གནོད་འཚེ་ཞིག་ཐེབས་ནས་བྱུང་ཚུལ་བསྟན་པ་རེད།

        དཔྱད་འབྲས་འདི་ལ། ད་དུང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བུད་མེད་ཚོའི་བར་དུ་དར་ཁྱབ་ཆེ་བའི་དམངས་གླུ་རྙིང་བ་ཞིག་གིས་ཀྱང་རོགས་འདེགས་བྱས་ཡོད་པ་སྟེ། དམངས་གླུའི་ནང་དུ། མིའི་རིགས་ཀྱིས་ལྷ་མོ་ཞིག་ལ་ཕོག་ཐུག་བཟོས་སྟབས། ལྷ་མོ་དེ་ཁོང་ཁྲོ་ལངས་ནས་མི་ཡུལ་དུ“རྡོ་ལྟར་སྲ་ཞིང་མཁྲེགས་པའི”སེར་བ་ཕབ་ཚུལ་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད། དེར་བརྟེན། ཚན་རིག་པ་ཚོས་གཞི་རྒྱ་ཆེ་བའི་སེར་བའི་གནོད་འཚེ་བྱུང་བ་ནི“རོ་སྤུངས་མཚེའུ”ནང་དུ་མིའི་ཀེང་རུས་མང་པོ་ཡོད་པའི་རྒྱུ་རྐྱེན་ཡིན་ཚུལ་དུ་རིགས་སྒྲུབ་བྱས་པ་རེད།

 གཞི་རྒྱུ་དབྱེ་ཞིབ་ལྟར་ན་དེ་ཚོ་དུས་གཅིག་ཏུ་ཤི་བ་མིན་པ།

        ཉེ་སྔོན། ཨ་རིའི་ཧར་ཝར་ཊི་གསོ་རིག་སློབ་གླིང(Harvard Medical School 哈佛医学院)གི་ཏ་ཝེད་ལའེ་ཆི(David Leitch 戴维•雷奇)དང་ཉི་ཧྲི་ལའེ(Nish Lai 尼什•莱)གཉིས་ཀྱིས་ལས་གྲོགས་དང་མཉམ་དུ་རོ་སྤུངས་མཚེའུ་ནས་ཐོན་པའི་ཀེང་རུས38ལDNAཡི་དབྱེ་ཞིབ་དང་ཐཱན་གྱི་ལོ་ཚོད་བརྟག་དཔྱད་བྱས་པ་ན། ཀེང་རུས་དེ་དག་ནི་སྤྱི་ལོ800ནས1800བར་ལ་བྱུང་བ་དང་། སྐྱེས་པ་དང་བུད་མེད་ཀྱི་བསྡུར་ཚད་ནི་ཕྱེད་ཀ་རེ་ཟིན་ཞིང་། དེའི་ནང་གི་ཀེང་རུས14ནི་སྤྱི་ལོ1800ཡས་མས་ལ་ཁུངས་འདེད་ཐུབ་པ་རེད། དུས་ཡུན་ལ་ལོ་ངོ1000ཙམ་ཡོད་པས། རོ་སྤུངས་མཚེའུ་ནང་གི་ཀེང་རུས་ཚང་མ་ནི་དོན་རྐྱེན་མང་པོ་ཞིག་ནས་བྱུང་བ་ལས། དུས་ཚོད་གཅིག་གི་ནང་ལ་ཚང་མ་མཉམ་དུ་ཤི་བ་མིན་པ་རེད། དཔྱད་འབྲས་འདི་ཡིས་དེ་སྔོན་གྱི་བཤད་ཚུལ་མང་པོ་ཞིག་ལ་དགག་ལན་སྤྲད་པ་རེད།
        DNAཡི་དབྱེ་ཞིབ་འབྲས་བུ་ལྟར་ན། རོ་སྤུངས་མཚེའུ་ནང་གི་ཀེང་རུས་ཁྲོད་ཀྱི་མི13ནི་ཨེ་ཤེ་ཡ་ལྷོ་མའི་མི་རྒྱུད་ཡིན་ལ། ཁུངས་འདེད་བྱས་ན་སྤྱི་ལོ800ཡས་མས་ལ་ཐུབ་པར་མ་ཟད། ད་དུང་འདི་ཚང་མ་ཐེངས་གཅིག་ལ་སླེབས་པ་མིན་ཚུལ་ར་སྤྲོད་ཐུབ་འདུག ཀེང་རུས14ནི་ས་དབུས་རྒྱ་མཚོ(Mediterranean Sea 地中海)ཤར་གྱི་མི་རྒྱུད་ཡིན་པ་དང་། ཀེང་རུས1ནི་ཨེ་ཤེ་ཡ་ཤར་མའི་མི་རྒྱུད་ཡིན་པ་རེད། ཁོང་ཚོ་ཚང་མ་སྤྱི་ལོ1800ཡས་མས་ལ་ཁུངས་འདེད་ཐུབ་པ་རེད།

 མིག་སྔར་ཀུན་གྱིས་ཁས་ལེན་པ་ནི་ཆོས་ལུགས་ཀྱི་བཤད་རྒྱུན་ཡིན་པ།

        “རོ་སྤུངས་མཚེའུ”དང་ཐག་མི་རིང་བའི་ས་ན་རྒྱ་གར་གྱི་རི་བོ་ཆེན་པོ་གཉིས་པ་སྟེ་ནན་ཏ་ཏེ་ཝ(Nanda Devi 楠达德维山)ཡོད་ཅིང་། གངས་རིན་པོ་ཆེ་ཡང་དེའི་བྱང་ཕྱོགས་ན་ཡོད་པ་རེད། རི་བོ་ནན་ཏ་ཏེ་ཝ་འདི་ས་གནས་དེ་གའི་ཆོས་ལུགས་རིག་གནས་ཁྲོད་ཀྱི་གནས་རི་ཞིག་ཡིན་ལ། “རོ་སྤུངས་མཚེའུ”ནི་གནས་རི་ལ་མཆོད་མཇལ་དུ་འགྲོ་བའི་ལམ་རྐེད་ན་ཡོད། འདི་ལ་གཞིགས་ན། ཕལ་ཆེར་གནས་མཇལ་གྱི་ལམ་རྐེད་ནས་རྐྱེན་ལམ་དུ་ཤོར་མཁན་ཚང་མ་ཁུག་གཞོང་ན་ཡོད་པའི་མཚེའུ་ནང་དུ་ལྷུང་བར་འདོད། ཞིབ་འཇུག་རུ་དཔུང་གིས་ཆོས་ལུགས་ཀྱི་བཤད་རྒྱུན་ལས་ཀེང་རུས་འགའ་ཞིག་གི་ཡོང་ཁུངས་ལ་གསལ་བཤད་བྱེད་ཐུབ་ཀྱང་། དེ་ལ་ད་དུང་བདེན་དཔང་མང་པོ་ཞིག་དགོས་ཞེས་བསྟན་པ་རེད།

        ཆེད་མཁས་པ་གཞན་ཞིག་གིས་རིགས་སྒྲུབ་བྱས་པ་ལྟར་ན། ས་ཁུལ་དེ་རུ། ད་དུང་བེམ་པོ600ལྷག་ཙམ་གངས་འོག་ཏུ་བཅུག་ཡོད་པ་དང་། ད་ལྟའི་བར་དུ་སྔོག་འདོན་ཐུབ་མི་འདུག མ་ཟད། ད་ལྟ་ཡིན་ནའང་། མི་མང་པོ་ཞིག་གིས་རི་བོ་ཧི་མ་ལ་ཡའི་འོག་ཏུ་འཇིག་རྟེན་གཞན་པ་ཞིག་སྦས་ཡོད་པར་འདོད། དེའི་རྐྱེན་གྱིས། རི་བོ་ཧི་མ་ལ་ཡའི་གསང་བ་འདི་དེང་སྐབས་ཡིན་ནའང་། སྔར་བཞིན་བརྟོལ་མེད་པ་དང་། དཔྱོད་ལྡན་ཚོས་ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་འཚོལ་སྙེག་དང་སྔོག་འདོན་བྱེད་པར་སྒུག་ཡོད་པ་རེད།

 འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས། པར་རིས་དྲ་བ་ལས་དྲངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1