༄༅།།ཞོ་སྟོན་ལ་ལྷ་མོའི་དུས་ཆེན་ཟེར་དོན་གང་ཡིན་ཞེ་ན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 08-20


           ཞོ་སྟོན་ལ་ལྷ་མོའི་དུས་ཆེན་ཞེས་ཀྱང་འབོད་སྲོལ་ཡོད་པ་ནི་དོན་དང་ཡོངས་སུ་འཚམ་པ་ཞིག་རེད། དེ་ཡང་། ལྷ་མོའི་ཆེས་ཐོག་མའི་འབྱུང་ཁུངས་ནི་གཞས་མ་གཏམ་གྱི་སྒྱུ་རྩལ་གྱི་ཡ་གྱལ་བླ་མ་མ་ཎི་ཡིན་པར་གྲགས། དེ་ནི་ལོ་ངོ་600ཙམ་གྱི་ཡར་སྔོན་དུ་གཙང་ཕྱོགས་སུ་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མི་རྣམས་ཆུ་ལས་སྒྲོལ་དཀའ་བའི་དཀའ་ངལ་ཐུགས་ལ་བཅངས་ནས་གང་སར་སློང་མོ་གནང་བ་དང་། ཀོང་པོ་སོགས་ནས་ལྕགས་ཀྱི་གཏེར་ཁ་བཏོན་ཏེ། ཆུ་ལ་ཟམ་པ་སྐྲུན་གནང་བས་མཐུན་རྐྱེན་སྦྱོར་མཁན་ཡང་མང་པོ་བྱུང་། འོན་ཏེ་སློང་མོ་དང་ཞལ་འདེབས་ཁོ་ནར་བརྟེན་ན་ཟམ་པ་གང་མང་བསྐྲུན་རྒྱུའི་ཐུགས་རེ་དང་རྒྱང་ཐག་རིང་པོ་ཡོད་པས་སྐབས་དེར་ཁོང་ལ་ཐབས་ཤེས་ལེགས་པོ་ཞིག་རྙེད། དེ་ནི་ཟམ་སྐྲུན་ལས་མིའི་ཁྲོད་ནས་སྐད་སྙན་ལ་གཟུགས་མཛེས་པའི་བུ་མོ་བདུན་བདམས་ཏེ་གཏམ་རྒྱུད་སྣ་ཚོགས་བརྗོད་བྱར་བྱས་པའི་གོ་བདེ་ལ་ནང་དོན་ཟབ་པའི་ལྷ་མོའི་འཁྲབ་ཚན་མང་པོ་རང་རྩོམ་རང་འཁྲབ་ཀྱིས་བོད་ཀྱི་ས་ཕྱོགས་གང་སར་སྐོར་སྐྱོད་འཁྲབ་སྟོན་གནང་བས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། འཁྲབ་མཁན་བུ་མོ་ཡིན་པའི་ཆ་ནས་ཨ་ཅེ་དང་སྐྱེས་གཟུགས་ལྷ་དང་མཚུངས་པའི་ཆ་ནས་ལྷ་མོ་ཞེས་ཆེ་བསྟོད་ཀྱིས་ཨ་ཅེ་ལྷ་མོ་ཞེས་པའི་མིང་དེ་བྱུང་བ་ཞིག་ཡིན། དེ་རྗེས་རིམ་བཞིན་འབག་དཀར་པོ་གསར་གཏོད་གནང་བ་དང་། དུས་རབས་14ནས་15ཙམ་ལ་འབག་སྔོན་པོ་གསར་གཏོད་གནང་ཡོད།

           ལྷ་མོ་ནི་དང་ཐོག་ཐང་ཆེན་དུ་འཁྲབ་པ་དང་རྔ་སྦུག་ཁོ་ན་རྡུང་ལེན་བྱེད་པ་ནས་དུས་རབས་17ཙམ་ནས་རིམ་བཞིན་འཆད་གྱེར་འཁྲབ་གསུམ་བྱེད་སྲོལ་དར་བ་དང་རོལ་ཆ་བེད་སྤྱོད་བྱེད་སྲོལ་ཡང་ཉུང་ཤས་དར་ཡོད། ད་དུང་མི་སྣའི་གཤིས་ཀ་སྣ་ཚོགས་མཚོན་པའི་འབག་སེར་པོ་དང་། ནག་པོ། དམར་པོ། ཕྱེད་དཀར་ཕྱེད་ནག་སོགས་ཀྱང་སྤྱད་ནས་རིམ་བཞིན་ད་ཆའི་འཁྲབ་སྲོལ་དེ་དར་ཡོད། ལྷ་མོ་གང་ཞིག་ཡིན་རུང་སྤྱིར་ན་འགོ་འཛུགས་ལྟ་བུའི་འདོན་དང་། གཞུང་དངོས། བཀྲ་ཤིས་གཅོད་པ་བཅས་དང་། ནང་དོན་ཐད་ཞི་རྒྱས་དབང་དྲག་གི་ཉམས་འགྱུར་ཚང་མ་འཛོམས་པའི་བོད་ས་མཐོའི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ཞིང་། སྔ་མོ་ལྷ་མོར་གཞུང་ཆེན་པོ་བཅུ་གསུམ་ཡོད་པར་གྲགས་ཀྱང་ད་ཆ་གཞུང་ཆེན་པོ་བརྒྱད་ཡོད་པ་རེད། 

           ལོ་རེའི་ལྷ་སའི་ཞོ་སྟོན་གྱི་མགོ་ནས་མཇུག་བར་ལྷ་མོ་དང་འབྲལ་ཐབས་མེད་ལ། ཞོ་སྟོན་གྲ་རྒྱས་མིན་དེ་ཡང་ལྷ་མོའི་ལེ་ཚན་དང་འབྲེལ་བ་དམ་ཟབ་ཡོད། ལྷག་དོན་དུ་སྔར་ནས་ད་བར་ཞོ་སྟོན་གྱི་འཁྲབ་སྟོན་ལས་འགན་ནི་ལྷ་མོ་བ་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ། ལོ་གཅིག་དུས་གཅིག་གི་འཁྲབ་རྩལ་གཟིགས་འབུལ་བྱ་ཡུལ་ལེགས་ཤོས་ཤིག་ཀྱང་ཡིན་པས་མི་ཚོས་ལྷ་མོའི་དུས་ཆེན་ཟེར་བར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད། 

           ཉེ་རབས་ལོ་རྒྱུས་ཐོག་ལྷ་མོའི་སྐོར་གྱི་གཏམ་བཟང་མང་པོ་ཁྱབ་སྟེ་2006ལོར་ལྷ་མོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལྷ་མོ་དེ་ཉིད་འཛམ་གླིང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས་ཏེ་གནའ་བོའི་ལྷ་མོའི་སྒྱུ་རྩལ་གྱི་རིན་ཐང་གང་ལེགས་མཚོན་པར་བྱས་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1