གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

གཡང་འབུམ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༠༩ཉིན།

༄༅།།ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཆད་པ་གང་དག་ཡོད།


གཡང་འབུམ་ཚེ་རིང་གིས་བསྒྱུར།
        ཆང་འཐུང་ནས་རླངས་འཁོར་བསྐོར་བའམ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ན་མཇུག་འབྲས་ཚབས་ཆེན་ཡིན་ནམ། གཤམ་ནས་ང་ཚོས་མཉམ་དུ་བལྟ།

 ཁྲིམས་ཀྱི་ཆད་པ།
        འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆང་འཐུང་ནས་རླངས་འཁོར་བསྐོར་བའམ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚང་མར་བཅའ་ཁྲིམས་ཀྱི་ཆད་པ་ལྕི་མོ་ཕོག་སྲིད།
        ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཟླ་དྲུག་ལ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ཕྱིར་བསྡུ་བ་དང་སྒོར1000ནས་2000བར་གྱི་ཆད་པ་གཅོད་པ། ཐེངས་གཅིག་ལ་སྐར་མ12འཐེན་སྲིད།
        ཡང་བསྐྱར་ཆང་འཐུང་ནས་རླངས་འཁོར་བསྐོར་ན་ཉིན་10ལ་བཀག་ཉར་དང་སྒོར1000ནས2000བར་གྱི་དངུལ་ཆད་གཅོད་པ་དང་ཁ་ལོ་བའི་འཛིན་ཡིག་མེད་པར་བཟོ།
        ཆང་འཐུང་ནས་རླངས་འཁོར་བསྐོར་བའམ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉེས་གསོག་གི་ཚད་ལ་སླེབས་ཚེ། ཉེས་དོན་འགན་འཁྲི་བདའ་འདེད་དང་ཁ་ལོ་བའི་འཛིན་ཡིག་མེད་པར་བཟོ་རྒྱུ་དང་ཚེ་གང་པོར་རླངས་འཁོར་བསྐོར་མི་ཆོག་པ་བཅས་བྱ་སྲིད།
        ཆང་འཐུང་ནས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བསྐོར་ན་ཉིན15བཀག་ཉར་བྱེད་པ་དང་སྒོར་5000ཡི་ཆད་པ་གཅོད་པ། དེ་མིན་ཁ་ལོ་བའི་འཛིན་ཡིག་མེད་པར་བཟོ་རྒྱུ་དང་ལོ་ལྔའི་ནང་ཡང་བསྐྱར་ཁ་ལོ་བའི་འཛིན་ཡིག་བླངས་མི་ཆོག་པ་བྱ་རྒྱུ།
        ཆང་གིས་བཟི་ནས་རླངས་འཁོར་བསྐོར་ན་ཐོག་མར་བཟི་དྭངས་བར་བྱེད་པ་དང་ཁ་ལོ་བའི་འཛིན་ཡིག་མེད་པར་བཟོ་རྒྱུ་དང་ལོ་ལྔའི་ནང་ཁ་ལོ་བའི་འཛིན་ཡིག་ལེན་མི་ཆོག དེ་མིན་ཉེས་དོན་འགན་འཁྲི་བདའ་འདེད་བྱ་སྲིད།
        ཆང་གིས་བཟི་ནས་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བསྐོར་ན་ཐོག་མར་བཟི་དྭངས་བར་བྱེད་པ་དང་རླངས་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་མེད་པར་བཟོ་བ། ཉེས་དོན་འགན་འཁྲི་བདའ་འདེད་བྱེད་པ། ལོ10ཡི་ནང་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་བླངས་མི་ཆོག ཁ་ལོ་བའི་འཛིན་ཡིག་བླངས་རྗེས་ཀྱང་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བསྐོར་མི་ཆོག རང་རྒྱལ་གྱིས་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཉེས་ཚབས་ཆེན་པོ་ཡོད་མེད་དང་མཇུག་འབྲས་བཟོས་ཡོད་མེད་ལ་མི་ལྟ་བར“ཉེན་ཁ་ཡོད་པའི་འཁོར་གཏོང་ཉེས་པ”ལྟར་བྱས་ཉེས་གཏན་འཁེལ་དང་བཙན་ཉར་ལས་སྐུལ་ཟླ1ནས་ཟླ6བར་བྱ་རྒྱུ་དང་འབྲེལ་དངུལ་ཆད་གཅོད་རྒྱུ་རེད།

 དཔལ་འབྱོར་གྱི་ཆད་པ།
        ཆང་འཐུང་ནས་རླངས་འཁོར་བསྐོར་བའི་དཔལ་འབྱོར་ཆད་པས་དུས་ཚོད་ཐུང་ཐུང་ནང་ཁྱོད་ཀྱི་ཁྱིམ་གཞི་ཤོར་སྲིད།
        ཉེན་འགོག་འགན་ལེན་གྱིས་སྐྱིན་ཚབ་མི་འཇལ། 《 ཉེན་འགོག་བཅའ་ཁྲིམས།》ཀྱི་དོན་ཚན6པར་གཏན་འབེབས་བྱས་དོན། གཤམ་གསལ་གྱི་གནས་ཚུལ་འོག་རྒྱུ་རྐྱེན་གང་རུང་གི་དབང་གིས་ཉེན་འགོག་འགན་ལེན་གྱི་འཁོར་ལོའི་རིགས་ལ་གྱོང་གུད་བཟོས་ན། ཉེན་འགོག་འགན་ལེན་བྱེད་མཁན་ཚང་མས་སྐྱིན་ཚབ་སྤྲོད་འགན་མི་འཁུར་རྒྱུ་སྟེ། ཁ་ལོ་བས་ཆང་འཐུང་བ་དང་། དུག་འཐེན་པ། དུག་ཁབ་རྒྱག་པ། སྨན་རྫས་ཀྱིས་བཟི་རྗེས་ཉེན་འགོག་འགན་ལེན་གྱི་རླངས་འཁོར་སྐོར་ན་སྐྱིན་ཚབ་སྤྲོད་འགན་འཁུར་མི་སྲིད།
        ཁ་ལོ་བས་ཆང་འཐུང་རྗེས་རླངས་འཁོར་དོན་རྐྱེན་བྱུང་ནས་གནོད་འཚེ་ཕོག་མཁན་གྱི་རྒྱུ་ནོར་ལ་གྱོང་གུད་བཟོས་ན། འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་ཀུང་སིས་གནོད་འཚེ་ཕོག་མཁན་གྱི་མི་ལུས་ཁེ་དབང་ལ་གྱོང་གུད་བཟོས་པར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་རྗེས། ཁྱོད་ལ་སྐྱིན་ཚབ་བདའ་འདེད་བྱེད་དབང་ཡོད། འདི་ཚང་མ་ཁྱོད་དང་ཁྱིམ་མི་གཉིས་ཀྱིས་འགན་འཁུར་དགོས། རྒྱུ་མཚན་ནི་ཁྱེད་ཀྱིས་ཆང་འཐུང་ནས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཀྱིས་ཁྱིམ་ཚང་ལའང་ཞོར་འདྲུད་ཐེབས་པ་དང་ཐོབ་པ་ལས་ཤོར་བ་མང་།
        གྱོང་གུད་ཁ་གསབ་དངུལ་འབོར་ཆེན་སྤྲོད་དགོས། ཆང་འཐུང་ནས་རླངས་འཁོར་བསྐོར་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ན། འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཀྱི་འགན་ཁུར་ཇེ་ལྗིད་དུ་བཏང་ནས་མི་གཅིག་རྐྱེན་ལམ་དུ་ཤོར་ན། འདས་པོའི་ཁྱིམ་མིར་འབྲེལ་ཡོད་ཀྱི་སྐྱིན་ཚབ་འཇལ་དགོས།

 ལས་གནས་ཀྱི་ཆད་པ།
        ཁྲིམས་རྩོད་པ་དང་སྨན་པའི་དཔང་ཡིག 《 ཁྲིམས་རྩོད་པའི་བཅའ་ཁྲིམས》ཀྱི་དོན་ཚན49བའི་གཏན་འབེབས་ལྟར། ཁྲིམས་རྩོད་པས་བསམ་བཞིན་དུ་བྱས་ཉེས་བསགས་པའི་དབང་གིས་ཉེས་དོན་གྱི་ཁྲིམས་ཆད་ཕོག་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཁྲིམས་རྩོད་པ་དེའི་ལས་གཉེར་དཔང་ཡིག་ཕྱིར་བསྡུ་རྒྱུ།
        ཀུང་སིའི་ལས་བཟོ་བ་མི་བཀོལ་སྡེ་ཁག་ལ་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་བྱེད་དབང་ཡོད། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན39པར་གཏན་འབེབས་བྱས་དོན། ངལ་རྩོལ་པར་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱས་ན། མི་བཀོལ་སྡེ་ཁག་གིས་ངལ་རྩོལ་སྐོར་གྱི་གན་རྒྱ་ཕྱིར་འཐེན་བྱས་ཆོག
        སྤྱི་དམངས་ཏང་ནང་དུ་ཞུགས་མི་ཆོག་པ་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པར་རྒྱུགས་སྤྲོད་མི་ཆོག
        དམག་མི་བྱེད་པ་དང་དམག་མིའི་སློབ་གྲྭར་རྒྱུགས་སྤྲོད་སྐབས་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་ཐབས་མེད།
        གླ་གཏོང་རླངས་འཁོར་དང་ཟོང་འདྲེན་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་སོགས་ལས་གཉེར་ལས་རིགས་ཀྱི་ཁ་ལོ་བ་ལས་ཤོར་ཉེན་ཁ་སྔར་བས་ཆེ་བ་དང་། ལྷག་པར་དུ་ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ན་ཚེ་གང་ལས་གཉེར་རིགས་ཀྱི་ལས་ཀ་བྱེད་མི་ཆོག
        ཁྲིམས་བཀོད་འཐུས་ཚབ་ཡིན་པའི་ཆ་ནས་ལས་གཉེར་དཔང་ཡིག་བདེ་བླག་ངང་སྒྲུབ་མི་ཐུབ། 《 ཁེ་ལས་ཀྱི་ཁྲིམས་བཀོད་འཐུས་ཚབ་པའི་ཐོ་འགོད་དོ་དམ་གཏན་འབེབས》ནང་གཏན་འབེབས་བྱས་དོན། ཁྲིམས་ཆད་ལག་བསྟར་བྱེད་བཞིན་པའམ་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་ན། ཁྲིམས་བཀོད་འཐུས་ཚབ་པའི་འགན་ཁུར་མི་ཆོག་པ་དང་། ཁེ་ལས་ཐོ་འགོད་ལས་ཁུངས་ཀྱིས་ཞིབ་མཆན་ཐོ་འགོད་བྱ་མི་ཆོག
        ཁྲིམས་བཤེར་བྱས་ཏེ་གཞུང་དོན་ལས་སྒྲུབ་མི་སྣ་ཏང་ཁོངས་དང་ལས་གནས་གཉིས་ལས་ཕུད་རྒྱུ། གཏན་འབེབས་ལྟར་ན། ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པས་ཆང་འཐུང་ནས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་བཟོས་ཚེ་འགྲིམ་འགྲུལ་ཁྲིམས་སྲོལ་གྱི་ཆད་པ་ཕོག་པ་ཕུད། ད་དུང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྡ་ཁྱབ་བཏང་ནས་སྒྲིག་ཁྲིམས་ཀྱི་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་ན《ཉེས་ཁྲིམས》ཀྱི་དོན་ཚན133ནང་གཏན་འབེབས་བྱས་པའི་ཉེན་ཁ་ཆེ་བའི་རླངས་འཁོར་བསྐོར་བའི་བྱས་ཉེས་བསགས་ཡོད། 《 ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་དོན་ཚན38པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། ཉེས་དོན་བཅའ་ཁྲིམས་དང་ཚབས་ཆེན་འགལ་བའི་ཏང་ཡོན་ངེས་པར་དུ་ཏང་ཁོངས་ནས་ཕུད་དགོས། 《 ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན33པའི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་དོན། བསམ་བཞིན་དུ་ཉེས་པ་བསགས་པའི་རྐྱེན་གྱིས་ཁྲིམས་ལྟར་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་ཆད་གཙོ་བོ(ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་ཚུད)ཕོག་རིགས་ཏང་ཁོངས་ཕུད་དགོས། 《 སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པའི་ཆད་གཅོད་སྲོལ་ཡིག》གི་དོན་ཚན17པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པར་ཁྲིམས་ལྟར་ཁྲིམས་ཆད་ཕོག་ན་ལས་གནས་ནས་ཕུད་པའི་ཆད་པ་གཅོད་རྒྱུ། དེར་བརྟེན། གལ་ཏེ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཚད་གཞིར་སླེབས་ཚེ། གོང་གསལ་གྱི་གཏན་འབེབས་ལྟར་ཏང་ཁོངས་ནས་ཕུད་དགོས་པ་དང་གཞུང་གི་ལས་གནས་ནས་ཕུད་པའི་ཆད་པ་གཅོད་དགོས།
        དོ་སྣང་བྱ་དགོས་པ་ཞིག་ནི་ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ཏེ་ཉེས་དོན་གྱི་ཆད་པ་ཕོག་པའི་ཏང་ཡོན་ལས་བྱེད་པར《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་དགོས།

 དུས་ཚོད་ཀྱི་ཆད་པ།
        ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ན་དུས་ཚོད་ཀྱི་ཆད་པ་ཧ་ཅང་ལྕི་སྟེ། ཐེངས་གཉིས་པར་ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་ཚེ་དོན་རྐྱེན་མ་བྱུང་ནའང་མི་ལུས་ཀྱི་རང་དབང་ཤོར་ནས་ཉིན15རིང་སྲིད་འཛིན་བཀག་ཉར་རམ་ཟླ་བ6རིང་བཙན་ཉར་ལས་སྐུལ་གྱི་ཉེས་དོན་ཆད་གཅོད་ཕོག་སྲིད། དོན་རྐྱེན་བྱུང་ནས་འགྲིམ་འགྲུལ་ཆག་སྒོ་བསླངས་པའི་བྱས་ཉེས་བསགས་ན་དུས་བཀག་བཙོན་འཇུག་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་། བྲོས་བྱོལ་དུ་སོང་བའམ་ཡང་ན་ཉེས་ཚབས་ལྕི་བའི་གནས་ཚུལ་གཞན་དག་ཡོད་མཁན་ལ་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ། མི་བསད་རྗེས་བྲོས་བྱོལ་དུ་སོང་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་བདུན་ཡན་གྱི་ཉེས་ཆད་གཅོད་རྒྱུ་རེད།

 ཁྱིམ་ཚང་གི་ཆད་པ།
        ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བས་ནང་མི་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་དུ་ཁྱིམ་གྱི་བུ་ཕྲུག་ལ་ཤུགས་རྐྱེན་ངན་པ་བཟོ་སླ། རྒྱུ་མཚན་ནི་ཁྱིམ་བདག་བཟི་ནས་རླངས་འཁོར་བསྐོར་ཏེ་ཁྲིམས་ཆད་ཕོག་ན་ཉེས་གསོག་ཟིན་ཐོ་ཚེ་གང་པོར་གསུབ་ཐབས་མེད་པས། བུ་ཕྲུག་གིས་གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་། དམག་གི་སློབ་གྲྭར་འགྲོ་བ། ཏང་ནང་དུ་ཞུགས་པ་སོགས་ཀྱི་ཆབ་སྲིད་ཞིབ་བཤེར་བྱེད་སྐབས་ཚོད་འཛིན་ངེས་ཅན་ཐེབས་སྲིད།

 སྤྱི་ཚོགས་ཀྱི་ཆད་པ།
        ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་དོན་རྐྱེན་གྱི་མཇུག་འབྲས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་སྟེ། ཁྱིམ་ཚང་གྲངས་མེད་ཅིག་ཁ་ཐོར་དུ་གཏང་བ་དང་། རྨས་སྐྱོན་ཕོག་ནས་ཁྱིམ་ཚང་ལ་གནོད་པ་སྐྱེལ་བ། དབང་པོ་སྐྱོན་ཅན་དུ་གྱུར་ནས་ཁྱིམ་ཚང་ལ་གནོད་པ་སྐྱེལ་བ། རྐྱེན་ལམ་དུ་ཤོར་ནས་ཁྱིམ་ཚང་ལ་གནོད་པ་སྐྱེལ་བ་སོགས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

 ཆད་པ་གཞན་དག
        ནང་སེམས་ཀྱི་ཆད་པ། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བར་ཞིབ་བཤེར་ཐག་གཅོད་བྱས་ཚེ། ཆད་གཅོད་སྣ་ཚོགས་ཕོག་སྲིད་པས་སེམས་ལ་མནར་གཅོད་ཕོག་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད།
        ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དེ་མི་སྒེར་གྱི་ཡིད་རྟོན་ཟིན་ཐོའི་ནང་འགོད་སྲིད་པས། དངུལ་བུན་གཡར་བ་དང་འཛད་སྤྱོད་བྱེད་པར་ཚོད་འཛིན་ཐེབས་རྒྱུ་རེད། སྤྱི་བདེ་ལས་ཁུངས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཡིད་རྟོན་བསྡུ་རུབ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱི་ཆ་འཕྲིན་དང་ཆད་གཅོད་གཞི་གྲངས་དུས་ཐོག་ཏུ་བརྒྱུད་སྐྱེལ་བྱས་ནས། མི་སྒེར་གྱི་ཡིད་རྟོན་ཟིན་ཐོའི་ནང་བཅུག་སྟེ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་ཆགས་པ་བྱ་རྒྱུ་རེད།
        ཕྱི་རྒྱལ་དུ་འགྲོ་བའི་ཆོག་འཐུས་མཆན་འགོད་དཔང་ཡིག་ལེན་པར་ཤུགས་རྐྱེན་ཐེབས་པ། ཆང་འཐུང་ནས་རླངས་འཁོར་བསྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དེ་ཉེས་ཁྲིམས་ནང་བཀོད་ཟིན་པ་དང་། དོ་བདག་ལ་གྱོད་དོན་གྱི་ཟིན་ཐོ་འཇོག་སྲིད་པས། སྲིད་དོན་འདྲི་གཅོད་ཀྱི་གྲོས་འཆམ་ལ་ཤུགས་རྐྱེན་ཐེབས་སྲིད། གནས་སྤོས་ཡུལ་མིའི་ཆོག་འཐུས་མཆན་འགོད་དཔང་ཡིག་ལེན་སྐབས་ཉེས་གསོག་གི་ཟིན་ཐོ་མེད་པའི་དཔང་རྟགས་མཁོ་འདོན་བྱ་དགོས། དེ་ལྟར་མ་བྱས་ན་མིང་རྟགས་འགོད་མི་ཐུབ་བོ། །
        མཇུག་མཐར་ཚང་མར་དྲན་སྐུལ་བྱ་དགོས་པ་ཞིག་ནི། ཁྱོད་ལ་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་མེད་ནའང་། ཉེན་ཁ་ཡོད་པའི་རླངས་འཁོར་བསྐོར་བའི་ཐུན་མོང་གི་བྱས་ཉེས་སུ་གྲུབ་སྲིད། སྤྱིར་བཏང་དུ་གནས་ཚུལ་འགའ་ཡོད་དེ་གཤམ་དུ་འགོད་པར་བྱ།
        ཆང་འཐུང་བའི་གོ་རིམ་ཁྲོད། བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ངེས་པར་དུ་རླངས་འཁོར་བསྐོར་ནས་འགྲོ་དགོས་པ་ཤེས་ཀྱང་། བསམ་བཞིན་ཆང་འཐུང་དུ་འཇུག་པ་དང་བཙན་ཤེད་ཀྱིས་ཆང་འཐུང་དུ་འཇུག་པ། ཆང་འཐུང་རྗེས་ཁོའི་ཚབ་ཏུ་རླངས་འཁོར་བསྐོར་དུ་མི་འཇུག་པའི་བྱ་སྤྱོད།
        བྱ་སྤྱོད་སྤེལ་མཁན་གྱིས་ཁ་ལོ་བས་ཆང་འཐུང་ཡོད་པ་ཤེས་བཞིན་དུ། ཁ་ལོ་བར་རླངས་འཁོར་བསྐོར་བར་བཙན་སྐུལ་བྱེད་པའི་བྱ་སྤྱོད།
        རླངས་འཁོར་གྱི་བདག་པོས་རླངས་འཁོར་གཡར་མཁན་ཆང་གིས་བཟི་འདུག་པ་ཤེས་ན་ཡང་། སྔར་བཞིན་རླངས་འཁོར་གཡར་ནས་ཁོ་ལ་བསྐོར་དུ་འཇུག་པའི་བྱ་སྤྱོད།
        དེས་ན་རླངས་འཁོར་བསྐོར་དུས་ཆང་མི་འཐུང་བ་དང་ཆང་འཐུང་རྗེས་རླངས་འཁོར་བསྐོར་མི་རུང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1